གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་བཏངམ་ད་ འགྲུལ་འཕྲིན་མོ་བཱ་ཡེལ་ ལག་ལེན་འཐབ་མི་ཚུ་ལུ་ གཙོ་བོར་བཟུང་དོ་ཡོདཔ།

༡༦/༨/༢༠༡༢    ༉ ཐིམ་ཕུའི་ ཁྲིམས་སྲུང་འགག་པའི་སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱིས་ སྣུམ་འཁོར་ཞིབ་དཔྱད་འབད་དོན་ལུ་ ཐབས་ལམ་མ་འདྲཝ་ཚུ་ བཏོན་དོ་ཡོད་པའི་ཁར་ ཞིབ་དཔྱད་ཀྱི་ལས་སྣ་ཚུ་ཡང་ ཡར་སེང་ཐོག་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ལོ་ནང་ སྣུམ་འཁོར་གྱི་རྐྱེན་ངན་ཚུ་ མར་ཕབ་རྐྱབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པའི་སྣུམ་འཁོར་བརྡ་སྟོན་སྡེ་ཚན་ལས་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པ་ ཉེས་བྱ་བཀལ་ནི་ལུ་གཙོ་རིམ་བཟུང་ནི་མིན་པར་ སྣུམ་འཁོར་ཚུ་ ཞིབ་དཔྱད་འབད་ཐོག་ལས་ སྣུམ་འཁོརབརྡ་སྟོན་གྱི་ ཁྲིམས་ལུགས་ལས་བརྒལ་བའི་ལཱ་བྱ་འཐབ་མིའི་གྱངས་ཁ་ཚུ་ མར་ཕབ་འབད་ནི་ལུ་ ཤུགས་བཏོན་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༡ ལས་འགོ་བཙུགས་ སྣུམ་འཁོར་བཏང་བའི་སྐབས་ འགྲུལ་འཕྲིན་མོ་བཱ་ཡེལ་ ལག་ལེན་འཐབ་མི་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ད་ ད་ཚུན་ ཐིམ་ཕུ་དང་ བར་སྦིས་སའི་ མགྱོགས་ལམ་བདའ་སྟེ་ སྣུམ་འཁོར་རྐྱེན་ངན་གྱི་གྱངས་ཁ་ བརྒྱ་ཆ་༥༠ དེ་ཅིག་གིས་ མར་ཕབ་འབད་ཚུགས་ ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཅི་ གཞུང་ལམ་ཚུ་བདའ་སྟེ་ ཁྲིམས་ལུགས་ལས་བརྒལ་བའི་ སྣུམ་འཁོར་བཏང་མིའི་གྱངས་ཁ་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ མངམ་སྦེ་ཐོན་ཡོདཔ་ཨིན་རུང་ དེ་ཚུ་ གཙོ་བོ་ར་ དབྱེ་ཞིབ་ཀྱི་ལཱ་གི་གྱངས་ཁ་ ཡར་སེང་ཐོག་ལས་ འགོ་འདྲེན་འཐབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ལས་ཐོབ་མིའི་ སྙན་ཞུ་ཅིག་དང་འཁྲིལཝ་ད་ སྤྱི་ཟླ་༨ པའི་ཚེས་༡ ལས་འགོ་བཙུགས་ ད་ཚུན་གྱི་ནང་འཁོད་ལུ་ སྣུམ་འཁོར་བཏངམ་ད་ འགྲུལ་འཕྲིན་ལག་ལེན་འཐབ་མི་༩༨༤ ཐོན་ས་ལས་༢༢༤ གཞུང་ལམ་ཚུ་ནང་དང་༣༣༦ མགྱོགས་ལམ་ཁར་ དེ་ལས་༤༢༤ ཐིམ་ཕུའི་ཁྲོམ་ཁར་ཨིན་པས།
དེ་དང་འདྲཝ་སྦེ་ ན་ཧིང་ མགྱོགས་ལམ་ཁར་ སྣུམ་འཁོར་ཐུག་རྐྱེན་ཁག་༡༠༧ བྱུང་མི་ལུ་བརྟེན་ འགྲུལ་མི་༡ ལུ་ ཤི་རྐྱེན་དང་༥༠ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་རུང་ དུས་ཅི་ ལོ་ཕྱེད་ལུ་ རྐྱེན་ངན་ཁག་༤༥ བྱུང་ས་ལས་ མི་༨ ལུ་ རྨ་སྐྱོན་མ་གཏོགས་ ཤི་རྐྱེན་ཚུ་ ཕུད་རྡོག་གཅིག་ཡང་ མ་བྱུངམ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༥ པ་ལས་འགོ་བཙུགས་ གཞུང་ལམ་ཚུ་ནང་ ཞིབ་དཔྱད་འབད་ནི་ འགོ་བཙུགས་མི་ལུ་བརྟེན་ སྤྱི་ཟླ་༨ པ་ཚུན་ སྣུམ་འཁོར་༢༠,༡༣༡ ཞིབ་དཔྱད་འབད་མི་ལས་ ཉེས་བྱ་དངུལ་ཀྲམ་༡༡,༤༩,༤༠༠ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཟླ་ངོ་༦ གི་རིང་ལུ་ རྒྱལ་ཡོངས་སྣུམ་འཁོར་ཞིབ་དཔྱད་ལས་རིམ་ཚུ་ནང་ སྣུམ་འཁོར་༦༩,༨༨༨ ཞིབ་དཔྱད་འབད་དེ་ ཉེས་བྱ་དངུལ་ཀྲམ་༢༩,༠༨,༥༥༠ བསྡུ་ལེན་འབད་ཡོདཔ་སྦེ་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment