གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རླུང་གེསི་རྒྱ་རྫི་ ཐོབ་མ་ཚུགས་པའི་དཀའ་ངལ།

༡/༨/༢༠༡༢   ཧེ་མ་འབད་བ་ཅིན་ ཉིནམ་༡ ལུ་ ཉུང་ཤོས་དངུལ་ཀྲམ་༢༠,༠༠༠ དེ་ཅིག་ བཟོ་ཚུགསཔ་ཨིན་རུང་ ད་རེས་ནངས་པ་ དངུལ་ཀྲམ་༡༠༠ ཡང་ འཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ ཟིམ་ཟ་རོང་གི་ཚོང་པ་ སངས་རྒྱས་ཀྱིས་ སླབ་ཨིན་པས།

༉ འཕྲལ་ཁམས་ཅིག་ཁར་ བུམ་ཐང་ལུང་གཤོང་ནང་སྡོད་མི་ཚུ་གིས་ དྲོ་པ་ཧ་སག་ལས་ལོང་སྟེ་ ལྕམ་མཁར་ཁྲོམ་ལས་ མི་ཊར་དག་པ་ཅིག་གི་ས་ཁར་ ས་སྣུམ་བཀྲམ་སྤེལ་ཁང་ནང་ གྱལ་བཙར་ཏེ་ སྡོད་སར་མཐོང་མི་དེ་ མེ་རླུང་གེསི་ ཐོབ་མ་ཚུགས་པར་ ག་ཐོབ་རྐྱབ་ནི་དེ་གིས་ཨིན་པས།

མེ་རླུང་གེསི་རྒྱ་རྫི་ ཐོབ་མ་ཚུགས་པར་ ག་ཐོབ་རྐྱབ་པའི་བསྒང་།

ལུང་གཤོང་ནང་ལུ་ མེ་རླུང་གེསི་རྒྱ་རྫི་མ་ལང་པར་ ཧ་ལམ་ ཟླཝ་༦ དེ་ཅིག་ སོང་ཡོདཔ་ཨིན་རུང་ ད་ལྟོ་ཡང་ གནས་སྟངས་དེ་ བསྒྱུར་བཅོས་འབད་མ་ཚུགས་པར་ལུས་ཡོདཔ་ལས་ ས་གནས་ནང་གི་མི་ཚུ་ དབུགས་འགམ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོད་པའི་ཁར་ ཁ་ཙ་ བཟུམ་ཅིག་འབད་བ་ཅིན་ མེ་རླུང་རྒྱ་རྫི་ཚད་ཅིག་ལས་བརྒལ་མེད་རུང་ མི་ཚུ་གིས་ འུར་བྱེལ་འཐབ་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་བཙུགས་ཏེ་འབད་རུང་ བྲེལ་ཟིང་སྦོམ་ཐོན་ཡོདཔ་ཨིན་པས།
མེ་རླུང་གེསི་རྒྱ་རྫི་ སོར་བར་འོང་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཀྲམ་སྤེལ་འབད་མི་ཚུ་གིས་ དྲང་བདེན་ཐོག་ལས་ བགོ་བཀྲམ་མི་འབད་བས་ཟེར་བའི་ སྐྱོན་བརྗོད་འབད་དོ་ཡོདཔ་ད་ དེ་ཡང་ ཟ་ཁང་གི་ ཇོ་བདག་ཚུ་ལུ་ ག་དེམ་ཅིག་དགོཔ་ཅིག་ བྱིན་དོ་ཡོད་རུང་ ཟ་ཁང་མེད་མི་ཚུ་ལུ་ མི་བྱིན་མས་ཟེར་ཨིན་པས།
ཆུ་སྨད་ལས་ མགྲོན་སྐྱོང་ཁང་བཙུགས་སྡོད་མི་ ཨམ་སྲུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རླུང་གེསི་རྒྱ་རྫི་ བྱིན་མི་ཚུ་གིས་ ལམ་ལུགས་ལེགས་ཤོམ་སྦེ་ ལག་ལེན་མི་འཐབ་དོ་ཡོདཔ་ལས་ ལ་ལུ་ཅིག་གིས་ ལོག་ཅི་ལོག་ཅི་ར་ ལེན་འབག་པའི་ཁར་ ལ་ལུ་ཅིག་ ལན་གྲངས་མང་རབས་ཅིག་འོང་རུང་ མེ་རླུང་རྒྱ་རྫི་ཐོབ་མ་ཚུགས་པར་ ལོག་འགྱོ་དགོཔ་བྱུངམ་མས་ཟེར་ཨིནམ་ད་ མོ་གིས་ ཉིནམ་གསུམ་གྱི་རིང་ མེ་རླུང་རྒྱ་རྫི་ལེན་པར་ ཆུ་སྨད་ལས་འོང་ཡོད་རུང་ མནོ་དོན་གྲུབ་མ་ཚུགས་པར་ ལོག་སོང་ཡི་ཟེར་ཨིན་པས།
མོ་གིས་ སླབ་མི་དང་འཁྲིལཝ་ད་ མི་ཚུ་གིས་ སྐད་རྐྱབ་ཐོག་ལས་ འུར་བྱེལ་ལང་ནི་དེ་ཡང་ བགོ་བཀྲམ་འབད་མི་ཚུ་གིས་ ལམ་ལུགས་ཚུལ་མཐུན་ཐོག་ལུ་ འབད་མ་བཏུབ་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་བཤད་ཅི།
འབྲུག་ས་སྣུམ་བཀྲམ་སྤེལ་ཁང་གི་ འཛིན་སྐྱོང་འགོ་དཔོན་ ཀེ་ཨེན་ཤར་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དཀའ་ངལ་དེ་ ཧེ་མ་ལས་ར་ ཐོན་བཞིན་དུ་ཡོད་པའི་ཁར་ དགེ་ལེགས་ཕུག་ ལུང་ཕྱོགས་ཡིག་ཚང་ལྟེ་བ་གིས་ ཐབས་ལམ་ཅིག་ ག་ནི་ཡང་ བཏོན་ནི་མེདཔ་ལས་ ཚོང་མགྲོན་པ་ཚུ་གིས་ མེ་རླུང་གེསི་རྒྱ་རྫི་ཡོད་དེ་འབད་རུང་ ང་བཅས་ཀྱིས་ མ་བྱིན་པར་ བཞག་དོ་བཟུམ་ མཐོངམ་མས་ཟེར་ཨིན་པས།
རྫོང་ཁག་ནང་ ཟླ་རིམ་བཞིན་དུ་ མེ་རླུང་རྒྱ་རྫི་ལག་ལེན་འཐབ་མི་ མང་སུ་མང་སུ་ཐོན་དོ་ཡོད་རུང་ དབུས་ཕྱོགས་རྫོང་ཁག་༦ གི་དོན་ལུ་ ཟླཝ་༡ ནང་ མེ་རླུང་གེསི་རྒྱ་རྫི་ བསྡོམས་ཀྱིས་ མེ་ཊིག་ཊཱོན་༡,༠༠༠ བྱིན་སྲོལ་ཡོད་མི་དེ་ ད་ལྟོ་ཡང་ བསྒྱུར་བཅོས་འབད་ནི་མེདཔ་ལས་ དཀའ་ངལ་སེལ་མི་ཚུགས་པས་ཟེར་ཨིན་པས།
དགེ་ལེགས་ཕུག་ལུང་ཕྱོགས་ཀྱི་ ས་སྣུམ་བཀྲམ་སྤེལ་ཁང་གི་ འཛིན་སྐྱོང་འགོ་དཔོན་ དབང་རྒྱལ་ནོར་བུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ བཀྲམ་སྤེལ་འབད་ནིའི་དོན་ལུ་ མེ་རླུང་ནང་འདྲེན་འབད་མི་ རྒྱ་གར་གྱི་ སྣུམ་འཁོར་༣ གླ་ཁར་ལེན་ཡོད་རུང་ སྣུམ་འཁོར་༢ གཞུང་གི་སྲིད་བྱུས་ལྟར་ རྒྱ་གར་གྱི་ས་གནས་ བཱོ་གའི་གཱ་འུན་ལས་ དགེ་ལེགས་ཕུག་ཚུན་འབག་འོངམ་ད་ རྒྱ་རྫི་རེ་ལུ་ གླ་འཐུས་དངུལ་ཀྲམ་༡༠.༢༢ རེ་ སྤྲོད་མི་དེ་ ཉུང་དྲགས་པས་ཟེར་ ཉོགས་བཤད་བཀོད་དེ་ སྐྱེལ་འདྲེན་འབད་མ་བཏུབ་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ཡང་ ཟླ་རིམ་བཞིན་དུ་ མེ་རླུང་ལག་ལེན་འཐབ་མི་ མང་སུ་ཐོན་དོ་ཡོདཔ་ལས་ དཀའ་ངལ་བསལ་ནིའི་དོན་ལུ་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment