གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་འཕྲིན་མོ་བཱ་ཡེལ་ཐོག་ལས་ གནས་སྡུད་བསྡུ་ལེན་འབད་ནིའི་ལས་འགུལ།

༡/༨/༢༠༡༢   ༉ ད་ལས་ཕར་ རྒྱལ་ཁབ་ནང་ སྐྱ་ནམ་དང་ ཅ་ཆས་ཀྱི་གོང་ཚད་ཚུ་ ཡར་སེང་མར་འབབ་ཀྱི་ གནས་སྡུད་བསྡུ་ལེན་འབད་ནི་ཚུ་  ཧེ་མ་བཟུམ་སྦེ་ ཤོག་གུའི་ཐོག་ལུ་ འབད་མི་དགོ་ནི་ཨིན་པས།
རྫོང་ཁག་གནས་སྡུད་འགོ་དཔོན་ཚུ་ལུ་ སཱེམ་སུང་འགྲུལ་འཕྲིན་ མོ་བཱ་ཡེལ་རེ་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ལག་ལེན་གྱི་ གློག་རིག་མཉེན་ཆས་དེ་ ཨ་ཐང་སྦྱོང་བརྡར་སྤེལ་ཁང་གིས་ བཟོ་ཡོདཔ་ཨིན་པས།

གནས་སྡུད་བསྡུ་ལེན་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་མི་ སཱེམ་སུང་འགྲུལ་འཕྲིན།


མཉེན་ཆས་ནང་ རྒྱལ་ཁབ་ཀྱི་ ཁྲོམ་སྡེ་ལྟེ་བ་༢༣ ནང་ཡོད་པའི་ ཚོང་ཁང་ཚུ་ ཆ་མཉམ་ར་ ཚུད་དེ་ཡོདཔ་ད་ གོང་ཚད་ཡར་སེང་མར་འབབ་ཀྱི་ ལྟ་རྟོག་དོན་ལུ་ ཚོང་ཁང་ཚུ་ནང་ཡོད་པའི་ སྐྱ་ནམ་གྱི་ཐོ་ཚུ་ ཐོ་བཀོད་འབད་དེ་ ཡོདཔ་ཨིན་པས།
གནས་སྡུད་དེ་ མཉེན་ཆས་ནང་བཙུགསཔ་ཅིག་ དེ་ཚུ་ ཐིམ་ཕུ་ལུ་ཡོད་པའི་ གནས་སྡུད་གཞི་མཛོད་ནང་དང་ ཕྲངམ་ཕྲང་སར་ འགྱོ་དོ་ཡོདཔ་ཨིན་རུང་ ཨིན་ཊར་ནེཊི་གི་ མཐུད་སྦྲེལ་དགོཔ་ཨིན་པས།
འདས་པའི་བདུན་ཕྲག་ཚུ་ནང་ རྫོང་ཁག་གནས་སྡུད་འགོ་དཔོན་ཚུ་གིས་ རྒྱལ་ས་ལུ་ ཉིནམ་དག་པ་ཅིག་གི་རིང་ ལག་ལེན་འཐབ་ཐངས་ཀྱི་ སྦྱོང་བརྡར་འབད་ཡོདཔ་བཞིན་དུ་ ཐིམ་ཕུ་ཁྲོམ་ཁར་ འགྲུལ་འཕྲིན་དང་ མཉེན་ཆས་ ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ མོ་བཏབ་ཀྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ནུག།
ལག་ལེན་གསརཔ་དེ་གིས་ གནས་སྡུད་ཚུ་ སྙན་ཞུ་འབད་ནི་དང་ སྤོ་སོར་འབད་ནི་ལུ་ཡང་ མགྱོགས་དྲགས་ཡོད་ཟེར་ རྒྱལ་ཡོངས་གནས་སྡུད་ལས་ཁང་ལས་ གནས་སྡུད་ཞིབ་དཔྱད་འགོ་དཔོན་གོངམ་ ཚེ་རིང་རྡོ་རྗེ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ མི་གིས་བཟོ་མི་ འཛོལ་བ་ཚུ་ཡང་ མར་ཕབ་རྐྱབ་ཚུགས་ནི་ཨིནམ་མ་ཚད་ དུས་ཚོད་ཁར་ ནོར་འཕྲུལ་མེདཔ་སྦེ་ བཏོན་ཚུགས་པའི་ ཁེ་ཕན་ཡོད་ཟེར་ ཁོ་གིས་སླབ་ཨིན་པས།
ད་ལྟོ་ཚུན་ གནས་སྡུད་ཚུ་ ཡིག་ཐོག་ལུ་ བཀོད་དོ་ཡོདཔ་ད་ རྫོང་ཁག་ཚུ་ནང་ཡོད་པའི་ གནས་སྡུད་འགོ་དཔོན་ཚུ་གིས་ རུལ་ཉམས་ཅན་གྱི་ཅ་ཆས་ ཤིང་འབྲས་དང་ ཚོད་བསྲེ་ཚུ་གི་ གནས་སྡུད་ཚུ་ ཟླ་རིམ་བཞིན་དུ་ བསྡུ་སྒྲིག་འབད་ནི་ཡོདཔ་ད་ དེ་བཟུམ་སྦེ་ ཡལ་ཉམས་ཀྱི་ ཉེན་ཁ་མེད་པའི་སྐྱ་ནམ་ ཚྭ་དང་ གུ་རམ་ལ་སོགས་པ་ཚུ་གི་ གནས་སྡུད་དེ་ ལོ་༡ ནང་ ཚར་༤ རེ་ བསྡུ་སྒྲིག་འབད་སྲོལ་ཡོད་མི་དེ་ ཟླཝ་༣ པམ་གྱི་བར་ན་ འབད་དོ་ཡོདཔ་ཨིན་པས།
ལམ་ལུགས་དེ་ ཡུན་རིངམོ་འགོར་མི་ བྱ་རིམ་ཅིག་ཨིན་མས་ཟེར་ བུམ་ཐང་གི་ གནས་སྡུད་གཙོ་འཛིན་འགོ་དཔོན་འོགམ་ བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཕྲལ་འཕྲལ་ར་ ཚོང་ཁང་ཚུ་ནང་ ཚོང་ཉོ་མི་ ལེ་ཤ་ཡོད་པ་ཅིན་ ཚོང་ཁང་ཅིག་གི་ གནས་སྡུད་བསྡུ་ནི་ལུ་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ འགོརཝ་མས་ཟེར་ཨིནམ་ད་ བུམ་ཐང་ལྕམ་མཁར་ལུ་ ཚོང་ཁང་༢༩ ཡོད་མི་ཚུ་ནང་ གནས་སྡུད་ཚངམ་སྦེ་ བསྡུ་ནི་ལུ་ བདུན་ཕྲག་ལྷགཔ་ཅིག་ འགོརཝ་མས་ཟེར་ཨིན་པས།
དེ་ལས་ གནས་སྡུད་ཚུ་ ཀམ་པུས་ཊར་ནང་ བཙུགས་ཞིནམ་ལས་ ཞུན་དག་འབད་དེ་ ཐིམ་ཕུ་ལུ་ཡོད་པའི་ རྒྱལ་ཡོངས་གནས་སྡུད་ལས་སྡེའི་ ཡིག་ཚང་ལྟེ་བ་ནང་ དབྱེ་དཔྱད་ཀྱི་དོན་ལུ་ བཏང་དོ་ཡོདཔ་ཨིན་པས།
གནས་སྡུད་བསྡུ་ལེན་འབད་ནི་དེ་ ཚོང་ཁང་༥ ལས་མེད་མི་ མགར་ས་རྫོང་ཁག་ནང་ འཇམ་དོ་ཡོདཔ་ཨིན་རུང་ ཁྲོམ་སྡེ་ལྟེ་བ་ ཕུན་ཚོགས་གླིང་དང་ ཐིམ་ཕུ་ལུ་འབད་བ་ཅིན་ ཚོང་ཁང་གྱི་གྱངས་ཁ་ ལེ་ཤ་ཡོད་པའི་ཁར་ ཅ་ཆས་སྣ་མང་ཡོད་ནི་དེ་གིས་ དུམ་གྲ་ཅིག་ ལཱ་ཁག་ཡོདཔ་ཨིན་པས།
འཛམ་གླིང་གོང་འཕེལ་དངུལ་ཁང་གིས་ འགྲུལ་འཕྲིན་ལག་ལེན་ཐོག་ལས་ གནས་སྡུད་བསྡུ་ལེན་གྱི་ ལས་འགུལ་དོན་ལུ་ མ་དངུལ་དང་ འཕྲུལ་རིག་གི་རྒྱབ་སྐྱོར་ འབད་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment