གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རག་དང་ སག་སྟེང་གི་དོན་ལུ་ སྐྱེ་ལྡན་ལྟ་བཤལ་དང་འབྲེལ་བའི་ ལམ་སྟོན་གསརཔ།

༡༥/༨/༢༠༡༢   ༉ བཀྲིས་སྒང་རྫོང་ཁག་གི་ བྱང་ཕྱོགས་ས་གནས་ མེ་རག་དང་ སག་སྟེང་ལུ་ སྐྱེ་ལྡན་ལྟ་བཤལ་དང་འབྲེལ་བའི་ མི་སྡེའི་ནང་ཐོབ་མི་ ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ལྟ་བཤལ་ཡིག་ཚང་ལས་འགོ་བཙུགས་ མི་སྡེའི་གནས་རིམ་ཚུན་ ཁེ་གྱོང་ཡོད་མི་ཆ་མཉམ་གྱི་ ལཱ་དང་འགན་ཁུར་ཚུ་ གསལ་བཀོད་འབད་ཡོད་མི་ ལམ་སྟོན་ཅིག་ བཟོ་ཡོདཔ་ཨིན་པས།
སྐྱེ་ལྡན་ལྟ་བཤལ་གྱི་དོན་ལུ་ འོས་འབབ་ལྡན་པའི་ སག་སྟེང་གཡུས་ཚན།


འབྲུག་ལྟ་བཤལ་ཚོགས་སྡེའི་ ཡིག་ཚང་གིས་ ལྟ་བཤལ་དང་འབྲེལ་བའི་ བཅའ་ཡིག་ཚུ་ལུ་ མ་གནས་མི་དང་ འགལ་བ་འབད་བའི་ གནད་དོན་ཚུ་ བསལ་ཐབས་འབད་ནི་ཨིན་རུང་ འབྲུག་ལྟ་བཤལ་ལག་ལེན་ལས་ཚོགས་ཀྱིས་ མེ་རག་སག་སྟེང་མི་སྡེའི་ སྐྱེ་ལྡན་ལྟ་བཤལ་དང་འབྲེལ་བའི་ ཚོང་འབྲེལ་གོང་འཕེལ་གཏང་ནིའི་ནང་ ཆ་རོགས་འབད་ནི་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ མེ་རག་-སག་སྟེང་གི་ མི་སྡེ་ཚུ་དང་ སག་སྟེང་རི་དྭགས་སྲུང་སྐྱོབ་ས་ཁོངས་ཀྱི་ ལས་བྱེདཔ་ཚུ་གི་ ལྕོགས་གྲུབ་གོང་འཕེལ་ལུ་ རྒྱབ་སྐྱོར་འབད་ནི་རྐྱངམ་གཅིག་མིན་པར་ ལྟ་བཤལ་ལས་སྡེ་ག་ར་ལུ་ ངོས་འཛིན་ཅན་གྱི་ སྒར་བཅག་ས་ཁོངས་ཚུ་ ལག་ལེན་དང་ ཞབས་ཏོག་སྣ་ཚོགས་ཀྱི་འཐུས་ཚུ་ སྤྲོད་དགོཔ་སྐོར་ བརྡ་བསྐུལ་འབད་འོང་ཟེར་ ལམ་སྟོན་ནང་ གསལ་བཀོད་འབད་ནུག།
དེ་ལས་ འབྲུག་ལྟ་བཤལ་ལག་ལེན་ལས་ཚོགས་ཀྱིས་ ལྟ་བཤལ་ལས་སྡེ་ཆ་མཉམ་གྱིས་ ཐོབ་ཆོག་ཆོ་ཡོད་མི་ ཞབས་ཏོག་གི་ མཐུན་རྐྱེན་ཚུ་ ག་དེ་དྲག་དྲག་སྤྱོད་དེ་ གླ་འཐུས་ཚུ་ཡང་ ལག་སྤྲོད་འབད་དགོཔ་ ངེས་བརྟན་བཟོ་ནི་ཨིན་པས།
ས་ཁོངས་སྲུང་སྐྱོབ་འཛིན་སྐྱོང་ལས་སྡེ་ཅིག་ཨིན་མི་ སག་སྟེང་རི་དྭགས་སྲུང་སྐྱོབ་ཀྱིས་ ལྟ་བཤལ་ལག་ལེན་གྱི་དོན་ལུ་ ལོ་གང་ར་ སྒར་བཅག་ས་ཁོངས་གནས་སྟངས་ ལེགས་ལྡན་བཞག་ནི་དང་ མེ་རག་-སག་སྟེང་གི་མི་སྡེ་དང་འབྲེལ་བའི་ སྐྱེ་ལྡན་ལྟ་བཤལ་འཛིན་སྐྱོང་ནང་ ལྷན་ཐབས་དང་ མཉམ་འབྲེལ་འབད་ནི་ཨིན་པས།
དེ་མ་ཚད་ རི་དྭགས་སྲུང་སྐྱོབ་ཀྱི་ ལས་བྱེདཔ་ཚུ་གིས་ ལྟ་བཤལཔ་དང་ ལམ་སྟོན་པ་ ཡང་ཅིན་ ལྟ་བཤལ་ལག་ལེན་པ་གང་རུང་ཅིག་གིས་ ནགས་ཚལ་དང་ རང་བཞིན་མཐའ་འཁོར་གནས་སྟངས་ཀྱི་ སྒྲིག་གཞི་ཚུ་ལས་ འགལ་ཡོད་པའི་ མཐོང་གསལ་བྱུང་པ་ཅིན་ འཛིད་བཟུང་འབད་ནི་གི་ དབང་ཚད་ཡང་ཡོདཔ་ཨིན་པས།
ལྟ་བཤལ་དེ་ མེ་རག་དང་ སག་སྟེང་ལུ་ སྤྱི་ལོ་༢༠༡༠ ཟླཝ་༩ པའི་ནང་ འགོ་བཙུགས་མི་དེ་ཡང་ གཙོ་བོ་ར་ སྐྱེ་ལྡན་ལྟ་བཤལ་དང་འབྲེལ་བའི་ མི་སྡེ་དཔལ་འབྱོར་ཡར་དྲག་བཟོ་ཐབས་ལུ་ཨིན་རུང་ མི་སེར་ཚུ་ལུ་ རེ་བ་བསྐྱེད་དོ་བཟུམ་ཅིག་ ཕན་ཐོགས་མ་ཚུགས་པས་ཟེར་ཨིན་པས།
རྒེད་འོག་༢ ནང་ མི་སྡེ་དང་འབྲེལ་བའི་ སྐྱེ་ལྡན་ལྟ་བཤལ་འགོ་བཙུགས་པའི་ཤུལ་ལུ་ སྤྱི་ལོ་༢༠༡༡ ལུ་ ལྟ་བཤལཔ་༧༡ གིས་ མེ་རག་དང་ སག་སྟེང་ལུ་ ལྟ་སྐོར་འབད་ཡོདཔ་ད་ སྤྱི་ལོ་༢༠༡༢ ཟླཝ་༦ པ་ཚུན་ཚོད་ འབྲུག་ལུ་ ལྟ་བཤལཔ་༨ དེ་ཅིག་ འོང་ཡོདཔ་ཨིན་པས།
རྒེད་འོག་དེ་གཉིས་ནང་ ལྟ་བཤལ་སྒོ་མ་ཕྱེ་བའི་ཧེ་མར་ མེ་རག་དང་ སག་སྟེང་གི་ ནོར་རྫིཔ་ཚུ་ ལྟ་བཤལཔ་ཚུ་གི་ ཞབས་ཏོག་བྱིན་ཐབས་ལུ་ ཐབ་ཚངཔ་དང་ ལམ་སྟོན་གྱི་ སྦྱོང་བརྡར་ཚུ་ འབད་ཡོདཔ་ཨིན་པས།
ཞབས་ཏོག་ལྷམ་པ་མ་འདྲཝ་ཚུ་ལུ་ གླ་འཐུས་ཚུ་ཡང་ སོ་སོ་སྦེ་ ལམ་སྟོན་ནང་ གསལ་བཀོད་འབད་ཡོདཔ་ད་ སྒར་བཅག་ས་ཁོངས་ཀྱི་འཐུས་དང་ དོས་འབག་མི་དང་ རྟ་གི་གླ་ཆ་ དེ་ལས་ ས་གནས་ཀྱི་ ལམ་སྟོན་པ་དང་ ཐབ་ཚངཔ་ལས་རོགས་ཚུ་གི་ གླ་འཐུས་དངུལ་ཀྲམ་༡༠༠ ལས་༤༥༠ གི་བར་ན་ ལེན་ནི་ཨིནམ་ད་ གལ་སྲིད་ རང་སོའི་གདམ་ཁ་དང་འཁྲིལ་ བཞོན་རྟ་དང་ རང་ལུགས་ཀྱི་ སྤྲོ་སྟོན་ལས་རིམ་སྤྱན་འབུལ་ཞུ་མི་དང་ རྡོ་བཙོའི་ཆུ་ནང་སྦང་པ་ཅིན་ གླ་འཐུས་ཡང་ དངུལ་ཀྲམ་༡༨༠ ལས་༦༠༠ གི་བར་ན་ ཨིན་པས།
ལྟ་བཤལ་ལག་ལེན་པ་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ལམ་སྟོན་ལག་ལེན་ལུ་བརྟེན་ མེ་རག་-སག་སྟེང་གི་ མི་སྡེ་དང་འབྲེལ་བའི་ སྐྱེ་ལྡན་ལྟ་བཤལ་དེ་ ཧེ་མ་བཟུམ་མིན་པར་ སྟབས་བདེ་ཏོག་ཏོ་ཡར་སོ་ནུག་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment