གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུ་འབག་འོང་མི་༡༥ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༡༡/༨/༢༠༡༢   ད་རུང་ ཏམ་ཁུའི་ཐོན་སྐྱེད་ཚུལ་མིན་སྒོ་ལས་ འབག་འོང་མི་༧ གྱི་ རྩོད་གཞི་ཕྱེ་བའི་བསྒང་ཡོདཔ།

༉ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ ད་རིས་ཀྱི་ཟླཝ་ནང་ བཀག་འཛིན་ཅན་གྱི་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚུལ་མིན་གྱི་སྒོ་ལས་ འཆང་སྤྱོད་དང་ སྐྱེལ་འདྲེན་འབད་མི་ མི་གྲངས་༡༥ ལུ་ བཙོན་ཁྲིམས་ཟླ་ངོ་༣ ལས་ ལོ་ངོ་༣ ཚུན་ བཀལ་ཡོད་མིའི་གྲས་ལས་ མི་༥ གི་འཁྲུན་ཆོད་དེ་ སྤྱི་ཟླ་༨ པའི་ཚེས་༦ ལུ་ གནང་ཡོདཔ་ཨིན་པས།


ཉེས་འཛུགས་ཅན་ཚུ་གིས་ ཏམ་ཁུའི་ཐོན་སྐྱེད་ ཡོངས་བསྡོམས་༢༥༣,༧༤༦ ཚུལ་མིན་གྱི་སྒོ་ལས་ འབག་ཡོདཔ་ཨིན་པས།
བཙོན་ཁྲིམས་ཕོག་མི་༡༥ པོ་དེ་ ན་ཧིང་དང་ དུས་ཅིའི་ལོ་སྔ་ཆ་ལུ་ ཆུ་ཁའི་ཁྲིམས་སྲུང་འགག་པ་གིས་ རྟ་ནག་ལུངམ་ལས་ འཛིན་བཟུང་འབད་མི་ དོགས་པ་ཅན་༢༢ ཀྱི་གྲས་ལས་ཨིནམ་ད་ ཁོང་མང་ཤོས་ར་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཕུན་ཚོགས་གླིང་ལས་ ཐིམ་ཕུ་དང་ སྤ་རོ་ དེ་ལས་ ཧཱ་ཁ་ཐུག་ལུ་ འབག་འོང་པའི་སྐོར་ གསང་བའི་སྙན་ཞུ་ ཐོབ་མི་དང་འཁྲིལ་ འཛིན་བཟུང་ འབད་ཡོདཔ་ཨིན་པས།
དོགས་པ་ཅན་གཞན་༧ པོ་དེ་ ད་ལྟོ་ ཁྲིམས་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།
ཁྲིམས་འདུན་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉེས་འཛུགས་ཅན་༡༥ གི་གྲས་ལས་ ཨམ་སྲུ་༣ རྩིས་ཏེ་ མི་༡༢ ཏམ་ཁུའི་ཐོན་སྐྱེད་སྐྱེལ་འདྲེན་འབད་བའི་ ཉེས་པ་ཕོག་ཡོདཔ་མ་ཚད་ གཞན་མི་༣ དེ་ ཕུན་ཚོགས་གླིང་གི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ ཏམ་ཁུ་ཚུ་ ཁྲིམས་འགལ་ཐོག་ ས་མཚམས་ནང་ན་ འབག་འོང་ནི་ལུ་ ཆ་རོགས་འབད་བའི་ ཉེས་ཁྲིམས་བཀལ་ནུག།
སྤྱི་ཟླ་༨ པའི་ཚེས་༦ ལུ་ བཙོན་ཁྲིམས་ཕོག་མི་ མི་༥ གི་གྲས་ལས་༡ ཨམ་སྲུ་ཚོང་པ་ཅིག་ཨིནམ་ད་ མོ་གིས་ ཏམ་ཁུ་བི་རི་བཅུ་རྡོག་༣,༤༠༠ དང་ སི་ག་རེཊ་བཅུ་རྡོག་༣,༠༠༠ བཟའ་སྤྱོད་འབད་མི་ བཱ་བཱ་ག་རམ་༦,༠༠༠ འབག་འོང་ཡོདཔ་ཨིན་པས།
རྨགཔ་དང་ཁ་བྱལ་མི་ ཨམ་སྲུ་དེ་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ བཙོང་ནིའི་དོན་ལུ་ འབག་འོང་ཡོདཔ་སྦེ་ ཁྲིམས་ཀྱི་འདུན་སར་ རྫུན་ཁ་བཟེད་ཅི་ཟེར་ ཁྲིམས་འདུན་གྱི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
བཙོན་ཁྲིམས་དེ་ཡང་ ཚུལ་མིན་གྱི་སྒོ་ལས་ འཆང་སྤྱོད་དང་ སྐྱེལ་འདྲེན་འབད་མི་ ཏམ་ཁུའི་འབོར་ཚད་དང་འཁྲིལ་ བཙོན་ཁྲིམས་ཟླཝ་༦ ལས་ལོ་༣ ཚུན་ བཀལ་ཡོདཔ་ད་ ཉེས་འཛུགས་ཅན་ཚུ་ལས་ ཏམ་ཁུའི་ཐོན་སྐྱེད་ཡོངས་བསྡོམས་༢༥༣,༧༤༦ འཕྱོག་བཟུང་ འབད་མིའི་གྲས་ལས་ བཱ་བཱ་ག་རམ་༡༥༤,༣༦༠ དང་ ཏམ་ཁུ་སི་ག་རེཊ་བཅུ་རྡོག་༢༨,༣༦༠ བི་རེ་བཅུ་རྡོག་༧༡,༠༢༦ ཨིན་པས།
ཁྲིམས་འདུན་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཉེས་འཛུགས་ཅན་ཚུ་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཏམ་ཁུ་བཀག་འཛིན་གྱི་ བཅའ་ཁྲིམས་ཀྱི་ ཆོག་ཚད་ལས་ བཞི་ལྟབ་ཀྱིས་མངམ་སྦེ་ འབག་འོང་ནུག་ཟེར་ཨིནམ་ད་ བཙོན་ཁྲིམས་ཕོག་མིའི་གྲས་ལས་ ལ་ལུ་ཅིག་གིས་ ཏམ་ཁུ་བི་རེ་བཅུ་རྡོག་༤༠,༠༠༠ དང་ སི་ག་རེཊ་བཅུ་རྡོག་༡༠,༠༠༠ དེ་ལས་ བཱ་བཱ་ག་རམ་༧༠,༤༤༠ འབག་འོང་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིན་ཟེར་ སླབ་ཨིན་པས།
ཉེས་འཛུགས་ཅན་ཚུ་གིགྲས་ཁར་ ཚོང་རྐྱབ་མི་ ཕོ་སྐྱེས་དང་ ཨམ་སྲུ་ དེ་ལས་ དེད་གཡོགཔ་དང་ ཞི་གཡོགཔ་ཅིག་ཡང་ཡོདཔ་ད་ ཁོང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ སྒེར་འཁོར་དང་ འགྲུལ་སྐྱེལ་བཱསི་ གླ་འཁོར་ཚུ་ནང་དང་ ལ་ལུ་གིས་ ཕད་ཙེ་ནང་ སྒམ་རྐྱབ་ཐོག་ལས་དང་ དཀྱི་ར་ནང་སྤུར་ཏེ་ འབག་འོང་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment