གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་ ཁང་གླ་ཡར་སེང་འབད་ནི་ལུ་ཐག་བཅད།

༧/༨/༢༠༡༢   ༉ ཨོ་ལ་རོང་ཆུའི་ སྣུམ་འཁོར་བཅོ་ཁང་གི་ ས་ཁོངས་ནང་ སྣུམ་བཅོ་ཁང་ཚུ་གི་ ཁང་མིག་ཇོ་བདག་ཚུ་གིས་ སྣུམ་འཁོར་བཅོ་ཁང་གི་ ཁང་མིག་ཚུ་གི་ ཟླ་རིམ་ཁང་གླ་ ཡར་སེང་འབད་ནིའི་ གྲོས་འཆར་ལུ་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་ གྲོས་འདེབས་བཀོད་མི་ལུ་ ངོས་ལེན་མ་འབད་བར་ ཡར་སེང་འབད་ནིའི་གུ་ ཐག་བཅད་ཡོདཔ་ཨིན་པས།
ཐིམ་ཕུ་ ཨོ་ལ་རོང་ཆུ་ལུ་ སྣུམ་འཁོར་བཅོ་ཁང་ གླ་ཁར་བཏང་མི་སྒྲིང་ཁྱིམ་ཚུ་གི་མཐོང་སྣང་།


དེ་ཡང་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་༢༤ གིས་ ས་དང་ཁྱིམ་གྱི་ ཇོ་བདག་ཚུ་ལུ་ གྲོས་འདེབས་ཡིག་གུ་ཅིག་ བཀོད་ཐོག་ལས་ ས་དང་ཁང་ཁྱིམ་ གླར་སྤྱོད་ཀྱི་བཅའ་ཁྲིམས་དང་འཁྲིལ་ འབད་དགོཔ་སྦེ་ གསལ་བཀོད་འབད་ཡོདཔ་ད་ བཅའ་ཁྲིམས་དེ་དང་འཁྲིལ་བ་ཅིན་ ས་དང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ གླ་སྤྱོད་འབད་མི་ གསརཔ་ཐོན་ཏེ་ ལོ་༢ མ་ལང་པའི་ཧེ་མར་ ས་ཆ་དང་ ཁང་གླ་ཚུ་ ཡར་སེང་འབད་མ་ཆོག་པའི་ཁར་ ཡར་སེང་ཡང་ བརྒྱ་ཆ་༡༠ གྱི་ ནང་འཁོད་ལུ་མ་གཏོགས་ དེ་བ་མཐོ་སྟེ་ ཡར་སེང་འབད་མི་ཆོག་ཟེར་ བཀོད་ཡོདཔ་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་དག་པ་ཅིག་གིས་མ་གཏོགས་ གཞན་མི་མང་ཤོས་ཅིག་གིས་ ཁོང་རའི་ ཁྱིམ་གྱི་ཇོ་བདག་ཚུ་དང་ གླ་སྤྱོད་དང་འབྲེལ་བའི་ འགན་ཡིག་བཟོ་བཟོཝ་མེདཔ་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་བཀོད་མི་ གྲོས་འདེབས་ཡི་གུ་དེ་ཡང་ ས་དང་ཁྱིམ་གྱི་ཇོ་བདག་ཚུ་གིས་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་ལུ་ ས་ཁྲལ་དང་ ཁྱིམ་བཟོ་སྐྲུན་སྐྱིན་འགྲུལ་གྱི་ སྐྱེད་ཀྱི་བརྒྱ་ཆ་ལུ་ཡར་སེང་ དེ་ལས་ ཅ་རྣམ་གོང་ཚད་ཡར་འཕར་གྱི་གནས་སྟངས་ལུ་བརྟེན་ ཁྱིམ་གྱི་ཁང་གླ་ ཡར་སེང་འབད་དགོ་པའི་གནད་དོན་བཀོད་པའི་ ཡི་གུ་ཅིག་བཏང་ཡོད་མི་དེ་ གྲོས་འདེབས་ཡི་གུ་དེ་ ལན་གསལ་བཀོད་ཡོདཔ་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་བཀོད་པའི་ ལན་གསལ་གྲོས་འདེབས་ནང་ ཁྱིམ་བཟོ་སྐྲུན་སྐྱིན་འགྲུལ་གྱི་ སྐྱེད་ཀྱི་བརྒྱ་ཆ་ལུ་ ཡར་སེང་མེད་པར་ སྐྱེད་ཀྱི་བརྒྱ་ཆ་ལུ་ མར་བབས་སོང་ནུག་ཟེར་ཨིནམ་ད་ ཅ་རྣམ་གོང་ཚད་ལུ་ ཡར་འཕར་ཡོད་པའི་གནད་དོན་བཀོད་ཐོག་ལས་ ཁང་གླ་ཡར་སེང་འབད་དགོ་པས་ཟེར་མི་དེ་ འོས་འབབ་ཅིག་ མིན་འདུག་ཟེར་བཀོད་ནུག།
དེ་འབདཝ་ད་ ས་དང་ཁྱིམ་གྱི་ཇོ་བདག་ཚུ་གིས་ རྒྱུ་མཚན་སོ་སོ་ཅིག་ བཀོད་མིའི་ནང་ ཁྲོམ་སྡེ་ལས་འཛིན་གྱིས་ ཁོང་གི་ ས་ཆ་མང་རབས་ཅིག་ འབག་ཡོདཔ་ཨིན་ཟེར་བཤད་དེ་ ཁང་གླ་ཡར་སེང་འབད་ནིའི་གུ་ ཐག་བཅད་དེ་ བདེ་སྒྲིག་མ་འབདཝ་ཨིན་པས།
ས་དང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ བཏང་ཡོད་མི་ ཁང་གླ་ཡར་སེང་གི་ བརྡ་བཀོད་ཡི་གུའི་ནང་ ཡིག་གུ་དེ་ མཇུག་ཨིནམ་ད་ དེ་ལུ་ལྡོག་ལན་ཡི་གུ་ སོ་སོར་བཏང་སྟེ་འབད་རུང་ ཁོང་གིས་ ངོས་ལེན་མི་འབད་ཟེར་བཀོད་ནུག།
སྣུམ་འཁོར་བཅོ་ཁང་གི་ ཚོགས་སྡེའི་ཁྲི་འཛིན་ ཀུན་དགའ་ནོར་བུ་གིས་ སླབ་མིའི་ནང་ ཁྱིམ་གྱི་ཇོ་བདག་ཚུ་གིས་བཀོད་མི་ ཁང་གླ་ཡར་སེང་འབད་དགོ་པའི་ རྒྱུ་མཚན་ཚུ་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་དང་འབྲེལ་བ་ ག་ཅི་ཡང་ མེད་ཟེར་ཨིན་པས།
སའི་ཇོ་བདག་ཚུ་ལས་ ས་ཆ་ལེན་མི་དེ་ ཁྲོམ་སྡེ་ལས་འཛིན་ཨིནམ་ལས་ སྙན་ཞུ་དེ་ ཁྲོམ་སྡེ་ལས་འཛིན་དང་གཅིག་ཁར་ འབྲེལ་བ་འཐབ་དགོཔ་ཅིག་ཨིན་མས་ཟེར་ ཁོ་གིས་བཤད་པའི་ཁར་ ཁྲོམ་སྡེ་ལས་འཛིན་ལུ་ ས་ཆ་ཤོར་མིའི་རྒུད་འཐུས་ ཁང་གླར་སྡོད་མི་ཚུ་ལས་ ལེན་ནི་ཟེར་མི་དེ་ འོས་འབབ་ཅིག་ མི་མཐོང་པས་ཟེར་ཨིནམ་ད་ ཁང་གླ་སེང་སྟེ་འབད་བ་ཅིན་ སྣུམ་འཁོར་བཅོ་ཁང་ མང་ཤོས་ཅིག་གིས་ སྒོ་བསྡམ་ནི་གི་ འཆར་གཞི་འདུག་ཟེར་ཨིན་པས།
འབྲུག་རྒྱལ་སྣུམ་འཁོར་བཅོ་ཁང་གི་ཇོ་བདག་ ཨོ་རྒྱན་འཕྲིན་ལས་ཀྱིས་ སླབ་མིའི་ནང་ དེ་བཟུམ་མའི་ ཡར་སེང་གི་ འཆར་གཞི་ཡོད་མི་དེ་ ལྕང་ཟམ་ཏོག་ལས་ ཨུ་ཚུགས་རྐྱབ་སྟེ་ ཨོ་ལ་རོང་ཆུ་ལུ་ གནས་སྤོ་མ་བཅུག་པའི་ཧེ་མ་ལས་ སའི་ཇོ་བདག་ཚུ་གིས་ གསལ་བཀོད་འབད་དགོ་པའི་ཁར་ ད་རེས་ ཧང་སྟོང་མར་ ཁང་གླ་ཡར་སེང་འབད་བའི་བསྒང་ལས་ དེ་ཁར་ ཚོང་ལཱ་དེ་ ལག་ལེན་འཐབ་སྟེ་ ཡུན་བརྟན་གནས་ཐབས་ནང་ དཀའ་ངལ་འཐོན་ནི་མས་ཟེར་བཤད་ཅི།
ཁོ་གིས་སླབ་མིའི་ནང་ ཁོ་བཟུམ་མའི་ སྣུམ་འཁོར་བཅོ་ཁང་བར་མ་ གཞི་བཙུགས་འབད་མི་ཚུ་གིས་ ཉིནམ་༡ ལུ་ དངུལ་ཀྲམ་༦,༠༠༠ རེ་དང་ ཟླཝ་རེ་ལུ་འབད་བ་ཅིན་ དངུལ་ཀྲམ་༡༥༠,༠༠༠ དེ་ཅིག་མ་གཏོགས་ ཐོབ་ནི་མེད་ཟེར་ཨིན་པས།
ད་ལྟོ་ སྣུམ་འཁོར་བཅོ་ཁང་བར་མ་ཚུ་གིས་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༣༠,༠༠༠ དང་༣༥,༠༠༠ རེ་ མི་སྤྲོད་དོ་ཡོདཔ་ད་ དེ་ལས་ཆུང་བའི་རིགས་ཚུ་གིས་ དངུལ་ཀྲམ་༢༠,༠༠༠ རེ་དང་ སྣུམ་འཁོར་བཅོ་ཁང་ཆེ་བའི་རིགས་ཚུ་གིས་ དངུལ་ཀྲམ་༦༦,༠༠༠ རེ་ སྤྲོད་དོ་ཡོདཔ་ཨིན་པས།
ད་རེས་ ཁྱིམ་གྱི་ཇོ་བདག་ཚུ་གིས་ སྣུམ་འཁོར་བཅོ་ཁང་ཆུང་བའི་རིགས་ཚུ་ལུ་ བརྒྱ་ཆ་༡༠༠ ཁང་གླ་ཡར་སེང་འབད་ནི་ཟེར་མི་དང་འཁྲིལ་ ཡར་སེང་འབད་བ་ཅིན་ སྣུམ་འཁོར་བཅོ་ཁང་ཆུང་བ་ཚུ་གིས་ ཟླ་རིམ་ཁང་གླ་དངུལ་ཀྲམ་༤༠,༠༠༠ རེ་ སྤྲོད་དགོཔ་ འཐོན་ནི་ཨིན་པས།
དེ་བཟུམ་སྦེ་ སྣུམ་འཁོར་བཅོ་ཁང་ བར་མ་ཚུ་གི་ ཁང་གླ་བརྒྱ་ཆ་༧༡ ཡར་སེང་འབད་ནི་ཨིན་མི་དེ་ མཁར་འཁྱོལ་བྱུང་སྟེ་འབད་བ་ཅིན་ སྣུམ་འཁོར་བཅོ་ཁང་བར་མའི་ ཇོ་བདག་ཚུ་གིས་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༥༥,༠༠༠ དང་ དེ་ལས་ སྣུམ་འཁོར་བཅོ་ཁང་ཆེ་བ་ཚུ་ལུ་ བརྒྱ་ཆ་༤༥ ཡར་སེང་ཐོག་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༩༥,༠༠༠ ཡར་སེང་འབད་ཐོག་ སྤྲོད་དགོཔ་འཐོན་ནི་ཨིན་པས།
ཁྱིམ་གྱི་ཇོ་བདག་ཚུ་གིས་བཀོད་པའི་ ཁང་གླ་ཡར་སེང་གི་ གནད་དོན་བསྟར་དུ་འབད་བ་ཅིན་ ཡར་སེང་འབད་བའི་ཁང་གླ་ཚུ་ སྤྱི་ཟླ་༡༠ པའ་ིཚེས་༡ ལས་ འགོ་བཙུགས་ཏེ་ ལག་ལེན་འཐབ་ནི་ཟེར་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ཇོ་བདག་ ཨོ་རྒྱན་འཕྲིན་ལས་དང་ གཞན་མི་༢ དེ་ཅིག་གིས་ སྦྱིས་མི་ནང་ བཟོ་གྲྭ་ས་ཁོངས་ནང་ ཁོང་རའི་སྒེར་གྱི་ས་ཆ་ མཁོ་སྒྲུབ་འབད་ཡོདཔ་ལས་ དེ་ནང་ སྣུམ་འཁོར་བཅོ་ཁང་བཟོ་དོ་ཡོདཔ་ལས་ ཁོང་གི་སྣུམ་འཁོར་བཅོ་ཁང་ཚུ་ དེ་ཁར་གནས་སྤོ་ནི་ཟེར་ཨིནམ་ད་ གཞན་མི་ཚུ་ མང་ཤོས་ར་ ཁང་གླ་དེ་སྦེ་ཡར་སེང་འབད་བ་ཅིན་ སྣུམ་འཁོར་བཅོ་ཁང་ཚུ་ སྒོ་བསྡམ་ནི་ཟེར་བཤདཔ་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་ ད་རུང་ཚར་ཅིག་ ཁྱིམ་གི་ཇོ་བདག་ཚུ་ལུ་ གྲོས་འདེབས་ཅིག་བཀོད་དེ་ ཁྲོམ་སྡེ་ལས་འཛིན་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ དེ་ལས་ ཞབས་ཏོག་ལྷན་ཁག་ཚུ་ལུ་ མཐོ་གཏུགས་འབད་དེ་ བདེ་སྒྲིག་གི་ འོས་འབབ་བལྟ་ནི་ཟེར་ ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment