གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཐུང་ཆུའི་མཁོ་འདོད་ཀྱི་དཀའ་ངལ་བསལ་ཐབས་ལུ་ འཐུས་བསྡུ་ལེན་འབད་ཡོདཔ།

༧/༨/༢༠༡༢   ༉ ཐིམ་ཁྲོམ་གྱིས་ འཐུང་ཆུ་བཀྲམ་སྤེལ་རྒྱུན་ཆད་མེདཔ་སྦེ་ འབད་མ་ཚུགས་མི་ལུ་བརྟེན་ འབྲེལ་མཐུན་ཚོགས་པ་ཅིག་བཟོ་ཐོག་ལས་ དཀའ་ངལ་བསལ་ཐབས་ལུ་ ཚོགས་པ་གིས་ འཐུས་བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།


འདི་བཟུམ་གྱི་དཀའ་ངལ་ ཐོན་མི་དེ་ རྒྱལ་ས་ཐིམ་ཕུ་ལུ་ ཉིནམ་གཅིག་བ་ཉིནམ་གཅིག་ ཁྲོམ་གོང་འཕེལ་འགྱོ་མི་དང་བསྟུན་ ཆུའི་མཁོ་འདོད་བཀོད་མི་ ལེ་ཤ་ཐོན་ནི་དེ་གིས་ཨིན་པས།
དེ་ཡང་ གཞི་གསརཔ་ཆགས་མིའི་ཁྱིམ་ཚུ་ནང་ འཐུང་ཆུ་བཀྲམ་སྤེལ་འབད་དགོ་པ་ཅིན་ ས་གནས་ཀྱི་ཚོགས་པ་ལུ་ འཐུས་སྤྲོད་དགོཔ་ཡོདཔ་ད་ དེ་ཡང་ དཔེ་འབད་བ་ཅིན་ བདེ་ཆེན་ཆོས་གླིང་ལུ་ ཆུའི་འཐུས་དངུལ་ཀྲམ་༦,༢༠༠ དང་ བར་སྦི་ས་ ཚྭ་ལུ་མ་འཕེལ་ནང་ལུ་ དངུལ་ཀྲམ་༩༠,༠༠༠ རྩིས་སྤྲོད་ཡོདཔ་ཨིན་པས།
སྒེར་སྡེའི་ཚོགས་པ་ལུ་ འཐུས་སྤྲོད་དགོ་མིའི་ གནད་དོན་གཙོ་བོ་ར་ འཐུང་ཆུ་བགོ་བཀྲམ་ལེགས་ཤོམ་སྦེ་ བྱིན་ཚུགས་ཐབས་ལུ་དང་ ཆུའི་སྲུང་རྒྱབ་ཀྱི་དངུལ་ཕོགས་ དེ་ལས་ ཆུ་དུང་ལེགས་བཅོས་དང་ ཉམས་བཅོས་འབད་དོན་ལུ་ཨིན་པས།
ཚོགས་པའི་འཐུས་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ གཞི་གསརཔ་ཆགས་མི་ཚུ་ལས་ འཐུས་བསྡུ་ལེན་འབད་མི་ཚུ་ ཆུའི་རྐ་དང་ ཆུ་དུང་གསརཔ་བཙུག་ནི་ འདི་དང་འབྲེལ་བའི་ཉམས་བཅོས་ཀྱི་ལཱ་འབད་ནི་ ས་གོ་ལེགས་ཤོམ་བཟོ་ནི་ དེ་ལས་ གཞན་དགོས་མཁོ་ཆེ་བའི་ མཐུན་རྐྱེན་ཚུ་གི་དོན་ལུ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཨིན་རུང་ མི་ལ་ལུ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ གཞི་གསརཔ་ཆགས་མི་ཚུ་ལས་ བསྡུ་ལེན་འབད་མིའི་མ་དངུལ་ཚུ་ ག་དེ་སྦེ་ལག་ལེན་འཐབ་ཨིན་ན་ དྭངས་གསལ་མེད་པའི་ཁར་ གནད་དོན་འདི་གི་སྐོར་ལས་ ལོ་རྒྱུས་ཚུ་ གྲོས་བསྟུན་ལེགས་ཤོམ་སྦེ་འབད་མི་བཏུབ་པས་ ཟེར་ཨིན་པས།
བར་སྦིས་ས་ལས་ གུང་པ་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ གནས་སྟངས་འདི་གི་སྐོར་ ཁོང་གིས་ རྩ་ལས་ར་ ཤེས་རྟོགས་བྱུང་མ་ཚུགས་པའི་ཁར་ ཧེ་མ་འབད་བ་ཅིན་ འཐུས་བསྡུ་ལེན་འབད་མི་དེ་ འཐུང་ཆུའི་ཉམས་བཅོས་དང་ དཀའ་ངལ་བསལ་ནིའི་དོན་ལུ་ ལག་ལེན་འཐབ་འོང་ཟེར་སླབ་རུང་ ད་རེས་ནངས་པ་ འཕྲལ་འཕྲལ་སྦེ་ར་ དངུལ་བསྡུ་ལེན་འབད་མི་དེ་ ག་ཅི་གི་དོན་ལུ་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ཨིན་པས།
ཐིམ་ཕུ་ ལྕང་བང་འབྲུ་བཟུམ་ཅིག་ནང་འབད་བ་ཅིན་ ཚོགས་པ་གིས་ གཞི་གསརཔ་ཆགས་མི་ཚུ་ལུ་ འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ འཐུས་དངུལ་ཀྲམ་༢༦,༠༠༠ ལེན་དོ་ཡོདཔ་མ་ཚད་ ཟླཝ་རེ་ནང་ གུང་གྲངས་རེ་ལས་ དངུལ་ཀྲམ་༡༥༠ རེ་བསྡུ་ལེན་འབད་མི་དེ་ ཆུ་སྲུང་པ་ལུ་ སྤྲོད་དོ་ཟེར་སླབ་མས་ཟེར་ཨིན་པས།
ཚོགས་པའི་འཐུས་མི་ ཀུན་ལེགས་ཚེ་རིང་གིས་འབད་བ་ཅིན་ ལྕང་བང་འབྲུ་ལུ་ ཁྱིམ་གུང་པ་༤༣ ཡོད་མི་ཚུ་ལུ་ འཐུང་ཆུའི་རྐ་དེ་ མུ་ཏིག་ཐང་ལས་སྦེ་ བཀྲམ་སྤེལ་འབད་དོ་ཟེར་ ཨིན་པས།
ཁོ་གིས་འབད་བ་ཅིན་ སྒྲིང་ཁྱིམ་གསརཔ་བཟོ་སྐྲུན་འབད་མི་ཚུ་ལས་ འཐུས་བསྡུ་ལེན་འབད་མི་ཚུ་ག་ར་ འཐུང་ཆུའི་དོན་ལུ་ ཟད་འགྲོ་བཏང་དོ་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ ཤེས་རྟོགས་བྱུང་མ་ཚུགས་ཟེར་བའི་ཉོགས་བཤད་བཀོད་མི་དེ་ གཙོ་བོ་ར་ གྲོས་ཚོགས་ཞལ་འཛོམས་ཀྱི་སྐབས་ལུ་ ཁོང་ར་ཚངམ་སྦེ་ འོང་མ་བཏུབ་མི་ལུ་བརྟེན་ཨིན་ཟེར་སླབ་ཨིན་པས།
བར་སྦིས་ས་ ཚྭ་ལུ་མ་འཕེལ་གྱི་ ཁྱིམ་གུང་པ་༣༢ ཀྱི་དོན་ལུ་ འཐུང་ཆུའི་རྐ་དེ་ སྔགས་སྦི་རོང་ཆུ་ལས་སྦེ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ གཞི་གསརཔ་ཆགས་མི་ཚུ་ལས་ འཐུས་དངུལ་ཀྲམ་༩༠,༠༠༠ རེ་ བསྡུ་ལེན་འབདཝ་ཨིན་ཟེར་ ཆུའི་ཁྲི་འཛིན་འོགམ་ རྣམ་རྒྱལ་ཚེ་རིང་གིས་སླབ་ཅི།
སྔགས་སྦི་རོང་ཆུའི་ཆུ་རྐ་གི་ཐོག་ལས་ བར་སྦི་ས་ལུ་ གུང་པ་༨༦ དང་ བརཔ་ལྷ་ཁང་གི་ས་གནས་ནང་ གུང་པ་༣༦ ཚུ་ནང་ཡང་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
འབྱུང་བཞི་ནང་ལུ་འབད་བ་ཅིན་ ཁྱིམ་གུང་པ་ ཚད་གཅིག་ལས་བརྒལ་མེད་ནི་དེ་གིས་ འཐུང་ཆུའི་དཀའ་ངལ་མེདཔ་མ་ཚད་ དེ་ཁར་ ཆུའི་ཚོགས་པ་ཡང་མེད་ཟེར་ ཁྲོམ་སྡེའི་འཐུས་མི་ ཨོ་རྒྱན་དབང་ཕྱུག་གིས་ སླབ་ཨིན་པས།
བདེ་ཆེན་ཆོས་གླིང་ནང་ འབད་བ་ཅིན་ གཞི་གསརཔ་ཆགས་མི་ཚུ་ལས འཐུས་དངུལ་ཀྲམ་༦,༢༠༠ རེ་དང་ རྟ་བབ་ལུ་ འཐུས་དངུལ་ཀྲམ་༢༠,༠༠༠ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ སྤྱི་ཚོགས་ཀྱིས་ ཆུའི་བཅའ་ཁྲིམས་ ཆ་འཇོག་གྲུབ་ཡོདཔ་ལས་ བཅའ་ཁྲིམས་དང་འཁྲིལཝ་ད་ ཆུའི་ཐོན་ས་ག་ཏེ་འབད་རུང་ ཆུའི་རིགས་ཚུ་མི་སྡེ་ལུ་ བདག་དབང་མེད་པར་ གཞུང་གི་ཆུ་ཨིན་ཟེར་གསལ་བཀོད་འབད་ཡོདཔ་ཨིན་པས།
མི་སྡེ་ཅིག་ནང་ ཆུ་དགོཔ་འདྲཝ་ཅི་འབད་བ་ཅིན་ ཆུའི་ཚོགས་པ་བཟོ་ཐོག་ལས་ ཟླཝ་༦ གི་ནང་འཁོད་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ནང་ ཐོ་བཀོད་འབད་དགོཔ་ད་ ཆུ་རྐ་ཡུན་བརྟན་སྦེ་ ལག་ལེན་འཐབ་ཚུགསཔ་བཟོ་ནིའི་དོན་ལུ་ གནང་བ་འཐོབ་དགོཔ་ཨིན་པས།
སྤྱིར་བཏང་ཆུ་འདི་ གཞུང་གི་ཨིནམ་ལས་ མི་སེར་ཚུ་གིས་ ཆུ་སྤྱོད་ནིའི་དོན་ལུ་བདག་དབང་ཡོད་རུང་ དཀའ་ངལ་དེ་ ཐོན་བཞིན་དུ་ར་སྡོད་འོང་ཟེར་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ འཐུང་ཆུ་བཀྲམ་སྤེལ་འགོ་དཔོན་ ཀརྨ་ཆོས་འཕེལ་གྱིས་སླབ་ཨིན་པས།
ཆུའི་བཅའ་ཁྲིམས་དང་འཁྲིལ་ཏེ་ ད་ཚུན་ འཐུང་ཆུ་ལག་ལེན་འཐབ་མི་ག་གིས་ཡང་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ནང་ ཐོ་བཀོད་འབད་བར་མ་འོངམ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment