གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེལ་འདྲེན་པ་ཅིག་ལུ་ ཅ་ཆས་ངོ་མ་མེད་པའི་ གསལ་སྟོན་གྱི་ཉེས་བྱ།

 ༡༥/༨/༢༠༡༢   ༉ ཕུན་ཚོགས་གླིང་ལུ་ སྒེར་གྱི་སྐྱེལ་འདྲེན་པ་ཅིག་གིས་ ཅ་དམ་ཞིབ་དཔྱད་ས་གོའི་ནང་ ཚོང་ཆས་གསལ་སྟོན་མ་འབད་བའི་ཁར་ ཅ་དམ་ཞིབ་དཔྱདཔ་ཚུ་ལུ་ མགུ་སྐོར་རྐྱབ་ནི་གི་ དཔའ་བཅམ་མི་ལུ་བརྟེན་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ ཁོ་ལུ་ དངུལ་ཀྲམ་ས་ཡ་༠.༥༦༣ ཉེས་བྱ་བཀལ་ཡོདཔ་ཨིན་པས།


ཅ་དམ་མཉམ་འབྲེལ་འགོ་དཔོན་ པདྨ་དབང་ཆེན་གྱིས་ སླབ་མིའི་ནང་ སྐྱེལ་འདྲེན་པ་ རྣམ་རྒྱལ་ཟེར་མི་དེ་གིས་ སྤྱི་ཟླ་༧ པའི་ཚེས་༢༩ གི་ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ དངུལ་ཀྲམ་ས་ཡ་༡.༡༢༦ དེ་ཅིག་གནས་པའི་ བཟའ་ཆས་ཚུ་ སྣུམ་འཁོར་ཊཱག་གསུམ་ནང་སྦེ་ ཐིམ་ཕུ་ལུ་ ཚོང་ཁང་༣ གྱི་དོན་ལས་ཨིན་ཟེར་སླབ་སྟེ་ གསལ་སྟོན་འབད་ནུག་ཟེར་ཨིན་པས།
སྐྱེལ་འདྲེན་པ་དེ་གིས་ ཅ་ཆས་ཚུ་ ངོ་མ་འབག་ནི་མེད་རུང་ གསལ་སྟོན་ལས་ཚབ་དང་ ཅ་དམ་ཞིབ་དཔྱདཔ་ཚུ་ལུ་ ངོ་མ་ཡོདཔ་བཟུམ་སྦེ་ གསལ་སྟོན་འབད་ཡོདཔ་ད་ ཁོ་གིས་ སྣུམ་འཁོར་ཊཱག་༢ དང་ རྒྱ་གར་གྱི་ སྣུམ་འཁོར་༡ འབདཝ་ད་ སྣུམ་འཁོར་༣ གྱི་ཨང་གྲངས་ཚུ་ རྫུས་མ་བཟོ་ནུག་ཟེར་ འགོ་དཔོན་དེ་གིས་ སླབ་ཨིན་པས།
པདྨ་དབང་ཆེན་གྱིས་འབད་བ་ཅིན་ མི་དེ་གིས་ ཁྲལ་ཉུང་སུ་ཅིག་ལས་ མི་ཕོག་ནི་ཨིནམ་ཤེས་ཏེ་ ཁྲལ་སྤྲོད་མ་དགོ་པའི་ཚོང་ཟོག་ དཔེར་ན་ ཆུམ་དང་ བཞེས་སྒོ་མར་ཁུ་ ཅི་ནི་ ཕྱེ་ ཨོ་ཕྱེ་ཚུ་ གསལ་སྟོན་འབད་ནུག་ཟེར་ཨིནམ་ད་ སྣུམ་འཁོར་ཌི་སི་ཨེམ་ཡོད་མི་ རྣམ་རྒྱལ་དང་ དེད་གཡོགཔ་ཅིག་ ཅ་དམ་ཞིབ་དཔྱདཔ་འབད་སར་འོང་སྟེ་ ཁོ་གི་ སྣུམ་འཁོར་ཊཱག་ཚུ་ ཅ་དམ་ཞིབ་དཔྱད་སྒོ་རའི་ སྦོ་ལོགས་ཁར་ བཞག་ཡོདཔ་ལས་ བདེན་དཔྱད་འབད་གནང་ཟེར་ སླབ་ཡོདཔ་བཞིན་དུ་ ཞིབ་དཔྱདཔ་དེ་གིས་ཡང་ ཅ་ཆས་ཐོ་ཡིག་གུ་ མིང་རྟགས་བཀོད་པའི་ཤུལ་ལུ་ ཁྲལ་བཏབ་སྦེ་ ཡར་སོ་ནུག་ཟེར་ པདྨ་དབང་ཆེན་གྱིས་ སླབ་ཨིན་པས།
ཅ་དམ་མཉམ་འབྲེལ་འགོ་དཔོན་གྱིས་འབད་བ་ཅིན་ སྐྱེལ་འདྲེན་པ་དེ་གིས་ ཅ་ཆས་མེད་རུང་ཡོདཔ་སྦེ་ གསལ་སྟོན་འབད་བའི་སྐོར་ གསང་བའི་སྙན་ཞུ་འབད་མི་ཅིག་ལས་ ཅ་དམ་འགོ་དཔོན་ཚུ་ལུ་ སྙན་ཞུ་ཐོབ་ཅི་ཟེར་ཨིནམ་ད་ མི་དེ་གིས་ ཧེ་མ་ཡང་ ཅ་དམ་འགོ་དཔོན་ལུ་ མགུ་སྐོར་རྐྱབ་ཡོད་པའི་སྐོར་ལས་ སྙན་ཞུ་ཐོབ་ཡོད་རུང་ ཁོ་ལུ་ ཁུངས་བཀལ་ནི་གི་ སྒྲུབ་བྱེད་མེད་པར་ སྙན་ཞུ་འབད་མ་ཚུགས་པས་ཟེར་ པདྨ་དབང་ཆེན་གྱིས་ སླབ་ཨིན་པས།
དྲི་དཔྱད་འབད་བའི་སྐབས་ ཅ་ཆས་བཀྲམ་སྤེལ་འབད་མིའི་མིང་དང་ ཚོང་ཁང་གསུམ་གྱི་ མིང་ཐོ་ལུ་ ཅ་ཆས་གསལ་སྟོན་འབད་མི་ཚུ་ཡང་ རྫུས་མ་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ད་ ཁོ་གིས་ སྣུམ་འཁོར་ཊཱག་ཅིག་གི་ ཨང་གྲངས་བཀོད་མི་དེ་ གསལ་སྟོན་འབད་བའི་ཉི་མར་ ཐིམ་ཕུ་ལུ་ཡོད་པའི་ཁར་ ཊཱག་དེ་ཡང་ སྐྱེལ་འདྲེན་པ་གཞན་ཅིག་གི་ཨིནམ་མ་ཚད་ རྒྱ་གར་གྱི་ བཀྲམ་སྤེལ་བ་དེ་ཡང་ གྱོན་ཆས་ཚོང་པ་ཅིག་ཨིནམ་ལས་ བཟའ་ཆས་སྦུང་ཚོང་བཙོང་མི་མེན་པས་ཟེར་ པདྨ་དབང་ཆེན་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཅ་དམ་ཞིབ་དཔྱདཔ་ཚུ་ ཕྱི་རུའི་ཆུ་ཚོད་༦ དང་༩ གི་བར་ན་ འདུ་འཛི་ཅན་སྦེ་སྡོད་པའི་སྐབས་ སྐྱེལ་འདྲེན་པ་ལེ་ཤ་ཅིག་གིས་ ཅ་ཆས་ཚུ་ གསལ་སྟོན་འབད་བར་ འོང་ནི་ཡོདཔ་བཞིན་དུ་ དེ་བསྒང་ ཁོང་གིས་ འདི་བཟུམ་མའི་ གོ་སྐབས་ལེནམ་མས་ཟེར་ཨིན་པས།
ད་རུང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ལུ་བརྟེན་ ཧེ་མ་བཟུམ་སྦེ་མིན་པར་ ཁྲལ་མ་ཕོག་པའི་ ཅ་ཆས་ཚུ་ དྲང་བདེན་ཐོག་ གསལ་སྟོན་འབད་བར་འོང་མི་ ལེ་ཤ་འོང་ནི་དེ་གིས་ ཅ་དམ་ས་ཁོངས་ནང་ སྒོ་དོག་དྲགས་བཟོཝ་མས་ཟེར་ ཅ་དམ་འགོ་དཔོན་ཅིག་གིས་ བཤད་པའི་ཁར་ མི་ཚུ་གིས་ སྦ་གསང་མེད་པར་ཕྲང་སྟེ་ གསལ་སྟོན་འབད་མི་དེ་ རུ་པི་དགོ་ཐབས་ལུ་ཨིནམ་མ་ཚད་ ལ་ལུ་ཅིག་གིས་ ཅ་ཆས་ཚུ་གི་ གནས་གོང་ལས་ལྷགཔ་སྦེ་ གསལ་སྟོན་འབདཝ་མས་ཟེར་ སླབ་ཨིན་པས།
ལ་ལུ་ཅིག་གིས་ དངུལ་ཁང་ལས་ རུ་པིའི་ནང་ དངུལ་འཛིན་ཌཱཕ་བཟོ་ནིའི་དོན་ལུ་ གསལ་སྟོན་འབདཝ་མས་ཟེར་ཨིནམ་ད་ རྣམ་རྒྱལ་གྱི་ཐད་ལུ་ཡང་ ཐབས་ཤེས་དེ་ར་ཨིན་པས་ཟེར་ འགོ་དཔོན་དེ་གིས་ བཤདཔ་མ་ཚད་ གལ་སྲིད་ རྣམ་རྒྱལ་གྱིས་ ཁོ་རའི་ཐབས་ཤེས་དེ་ མཐར་འཁྱོལ་བྱུང་་པ་ཅིན་ དངུས་ཁང་ནང་ལས་ རུ་པི་བཏོན་ཚུགས་ཚུགསཔ་འོང་ཟེར་ ཨིན་པས།
ལུང་ཕྱོགས་ཅ་དམ་ཡིག་ཚང་གིས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡ལས་ སྤྱི་ཟླ་༧ པའི་ཚེས་༢༤ ཚུན་ཚོད་ ཅ་ཆས་ཐོ་ཡར་སེང་ཐོག་ལས་དང་ གསལ་སྟོན་ཚུལ་ལྡན་མ་འབད་བའི་ མ་དངུལ་དངུལ་ཀྲམ་ས་ཡ་༢.༧༧༡ བསྡུ་ལེན་འབད་ཡོདཔ་མ་ཚད་ ཁྲལ་དང་ཉེས་བྱ་དངུལ་ཀྲམ་ས་ཡ་༡.༤༡༤ བསྡུ་ལེན་འབད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment