གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨོ་རོང་ལུ་ གནམ་བྱཱར་གྱི་ ཕུཊ་བཱོལ་རྩེད་འགྲན།

༡༤/༨/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༤ ལས་འགོ་བཙུགས་ ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ གནམ་བྱཱར་གྱི་ ཕུཊ་བཱོལ་རྩེད་འགྲན་ འགོ་བཙུགས་ཞིནམ་ལས་ཚུར་ ས་གནས་ནང་ ཉིམ་ཤར་ཏེ་ གནམ་གཤིས་གནས་སྟངས་ ལེགས་ཤོམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཨོ་རོང་འབྲིང་རིམ་སློབ་གྲྭ་བར་མ་དང་ མོན་སཱུན་རོ་ལིང་ ཀ་མེ་ཌི་ཡཱནསི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།


དེ་དང་འཁྲིལ་ རྩེད་འགྲན་པ་ཚུ་ ད་རེས་བཟུམ་མའི་ ཉི་དྲོད་ནང་ རྩེད་འགྲན་འབད་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་རུང་ ལྟདམོ་བལྟ་མི་ཚུ་གིས་འབད་བ་ཅིན་ ཉིམ་ཤརཝ་ད་ རྩེད་འགྲན་འབད་ནི་ལས་ ཆརཔ་རྐྱབ་ད་ རྩེད་འགྲན་འབད་ནི་དེ་ སྤྲོ་བ་ཆེ་བས་ཟེར་ཨིན་པས།
ཨོ་རོང་ལུ་སྡོད་མི་ གདོང་གོར་གྱིས་ སླབ་མིའི་ནང་ ཆརཔ་རྐྱབ་ད་འབད་བ་ཅིན་ ཕུཊ་བཱོལ་རྩེ་མི་ཚུ་ འདམ་ནང་ འགྱེལ་ཏ་རྐྱབ་ཅི་ར་ རྩེད་འགྲན་འབདཝ་ད་ སྤྲོ་བ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
ཁ་ཙ་ ཨོ་རོང་འབྲིང་རིམ་སློབ་གྲྭ་བར་མ་དང་ མོན་སཱུན་རོ་ལིང་ ཀ་མེ་ཌི་ཡཱནསི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ཡོདཔ་ད་ གདོང་གོར་གྱིས་འབད་བ་ཅིན་ འདས་པའི་ཉིནམ་༤ གི་རིང་ རྩེད་འགྲན་འབད་མི་ག་ར་ ལྟ་ཡི་ཟེར་ཨིནམ་ད་ ས་གནས་ནང་ སྤྲོ་སྟོན་གྱི་ལས་རིམ་ གཞན་ག་ཅི་ཡང་མེདཔ་ལས་ དེ་བཟུམ་མའི་ རྩེད་འགྲན་འབད་ས་མཐོངམ་ད་ སེམས་དགའ་བས་ཟེར་ཨིན་པས།
ཁ་ཙ་ རྩེད་འགྲན་འབད་མི་སྡེ་ཚན་༢ ཀྱི་ ལྕོགས་གྲུབ་དང་ རིག་རྩལ་ཚུ་འདྲ་མཉམ་ཡོད་ནི་དེ་གིས་ གཱོལ་༢ རེ་ འདྲན་འདྲ་བཙུགས་ཐོག་ལས་ མཇུག་བསྡུ་ཡོདཔ་ཨིན་པས།
ཨོ་རོང་གནམ་བྱཱར་ ཕུཌ་བཱོལ་རྩེད་འགྲན་ཚོགས་པའི་འཐུས་མི་ ཨོ་རྒྱན་རྡོ་རྗེ་གིས་ བཤད་མིའི་ནང་ དུས་ཅི་གི་འགྲན་བསྡུར་དེ་ རྒྱལ་ཁབ་ནང་ དེང་སང་ཤེས་རིག་ལམ་ལུགས་ འགོ་བཙུགས་ཏེ་ ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྩེད་འགྲན་དེ་ལུ་བརྟེན་ རྩེད་འགྲན་འབད་མི་ཚུ་གི་ གཟུགས་སྟོབས་ལེགས་ཤོམ་སྦེ་ བཞག་ཚུགས་ནི་གིས་མ་ཚད་ ས་གནས་ཀྱི་མི་སེར་ཚུ་ལུ་ཡང་ སྤྲོ་བ་བྱུང་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྩེད་འགྲན་དེ་གི་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༨ པའི་ཚེས་༢༤ ལུ་ འགོ་འདྲེན་འཐབ་ནི་དང་ རྒྱལ་ཁ་ཐོབ་མི་ཚུ་ལུ་ རྒྱལ་རྟགས་དང་ ངོ་རྐྱང་གི་གསོལ་རས་ཚུ་ཡང་ བྱིན་ནི་ཨིན་ཟེར་ འགྲན་བསྡུར་འགོ་འདྲེན་པ་ སངས་རྒྱས་བསྟན་པ་གིས་ བཤདཔ་ཨིན་པས།
དུས་ཅིའི་གནམ་བྱཱར་གྱི་ ཕུཊ་བཱོལ་རྩེད་འགྲན་ནང་ སྡེ་ཚན་༩ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment