གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ལུ་ སྨྱོ་རྫས་འབག་མི་ ཕོ་སྐྱེས་ཅིག་འཛིན་བཟུང་།

༡༤/༨/༢༠༡༢    ༉ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ བཀག་འཛིན་ཅན་གྱི་ སྨྱོ་རྫས་ཚུ་ ཚུལ་མིན་གྱི་སྒོ་ལས་ ཚོང་འབྲེལ་འཐབ་པའི་ འབྲེལ་གནད་ལུ་བརྟེན་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ནུག།


དེ་ཡང་ ལཱ་གཡོག་མེད་མི་ཅིག་དང་ དབང་འདུས་ཕོ་བྲང་ལས་ཨིན་མི་ དོགས་པ་ཅན་དེ་གིས་ ཨིསི་པཱསི་མོ་ པོ་རོག་སི་བཱོན་སྨན་ལེབ་༡,༩༩༣ དེ་ཅིག་དང་ རེ་ལི་པེན་སྨན་ལེབ་༤༠༠ དེ་ཅིག་ འབག་སྟེ་ཡོད་པའི་སྐོར་ གསང་བའི་སྙན་ཞུ་ཐོབ་མི་དང་འཁྲིལ་ ཁྲིམས་སྲུང་འགག་པ་གིས་ ཟ་ཁང་གི་ ཉལ་ཁལ་ནང་ རྟོག་མེད་ཞིབ་དཔྱད་འབད་བའི་ཤུལ་ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་བསྒང་ དོགས་པ་ཅན་དེ་གིས་ སྨྱོ་རྫས་ཚུ་ རང་ལུགས་ཐོག་ལས་བཙེམས་མི་ བེག་ཅིག་ནང་ བཙུགས་དེ་ཡོདཔ་ མཐོང་ཡོདཔ་ད་ ཧང་སྟོང་མར་ ཞིབ་དཔྱད་འབདཝ་ད་ དོགས་པ་ཅན་དེ་གིས་ སྨན་ལེབ་ཚུ་ ཤོག་ལྟབ་ནང་ལས་ བཏོན་སྡོད་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་མ་ཚད་ ཁོ་གིས་ ཤོག་སྒམ་དང་སྦྲགས་ཏེ་མེན་པར་ སྨན་ལེབ་རྐྱངམ་གཅིག་ འབག་འགྱོ་ནི་གི་ རྩིས་རྐྱབ་ནུག་ཟེར་ སླབ་ཨིན་པས།
སྨྱོ་རྫས་ཚུ་ གནས་གོང་དངུལ་ཀྲམ་༨,༠༠༠ དེ་ཅིག་གི་ རྩིས་ཨིན་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
དོགས་པ་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་མིའི་ནང་ སྨན་ལེབ་ཚུ་ ཁོ་ར་ བཟའ་སྤྱོད་འབད་ནིའི་དོན་ལུ་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༨ ཀྱི་ས་གནས་ ཧ་ཤི་མ་ར་ལས་ ཉོ་འབག་འོང་ཡི་ཟེར་ཨིན་པས།
སློབ་རིམ་༡༢ པ་ལས་ ཐོན་སྡོད་མི་ དོགས་པ་ཅན་དེ་གིས་ སྨན་ལེབ་ཚུ་ རྒྱ་གར་ལས་ ཉོ་འབག་འོང་མི་དེ་ ཐེངས་དང་པ་ཨིནམ་སྦེ་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
ད་རིས་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་དང་འབྲེལ་བའི་ ཚུལ་མིན་ཐོ་བཀོད་འབད་མི་དེ་ དུས་ཅིའི་ལོ་ནང་ རྩོད་དོན་༤༡ པ་ཨིནམ་ད་ ན་ཧིང་ སྨྱོ་རྫས་ཀྱི་ རྩོད་དོན་ཁག་༧༦ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment