གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གོང་ཚད་ཡར་འཕར་གྱི་ཚད་གཞི་ བརྒྱ་ཆ་༡༣.༥༣ ལུ་ལྷོད་ཡོདཔ།

༢/༨/༢༠༡༢   ༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ ལོ་རེ་ནང་ ཉེར་སྤྱོད་གོང་ཚད་གནས་ཐོའི་ཚད་གཞི་གི་ སྙན་ཞུ་ཐེངས་༤ འབད་སྲོལ་ཡོད་མི་ལས་ སྙན་ཞུ་ཐེངས་༢ པའི་ནང་གསལ་ རྒྱལ་ཁབ་ནང་ གོང་ཚད་ཡར་འཕར་གྱི་ ཚད་གཞི་དེ་ བརྒྱ་ཆ་༡༣.༥༣ ལུ་ ལྷོད་ནུག་ཟེར་ཨིན་པས།
དེ་ཡང་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ གསལ་སྟོན་འབད་མི་ སྙན་ཞུའི་ནང་ སྤྱི་ལོ་༢༠༠༣ ལས་ ད་ལྟོ་ཚུན་གྱི་བར་ན་ གོང་ཚད་ཡར་འཕར་གྱི་ ཚད་གཞི་དེ་ མཐོ་ཤོས་ཅིག་ཨིན་ཟེར་ཨིན་པས།



དེ་སྦེ་ གོང་ཚད་ཡར་འཕར་སོང་མི་ རྒྱུ་མཚན་གཙོ་བོ་ར་ བཟའ་འཐུང་གི་གོང་ཚད་ཚུ་ བརྒྱ་ཆ་༡༨.༧༢ ཡར་སེང་སོང་མི་དང་ བཟའ་འཐུང་མེན་པའི་རིགས་ཚུ་ བརྒྱ་ཆ་༡༠.༦༧ ཡར་སེང་སོང་མིའི་གྲས་ལས་ གོང་ཚད་ཡར་འཕར་ མཐོ་ཤོས་ར་ སྨན་དང་ རྫས་སྦྱོར་ནང་ བརྒྱ་ཆ་༧༡.༥༧ དང་ དེ་གི་ཤུལ་ལུ་ ཤིང་འབྲས་ཀྱི་རིགས་ཚུ་ བརྒྱ་ཆ་༥༦.༦༠ དེ་ཅིག་ ཡར་སེང་སོང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ལོ་༡ གི་ནང་འཁོད་ལུ་ ཚོད་བསྲེ་གི་རིགས་ཚུ་ལུ་ བརྒྱ་ཆ་༤༠.༥༨ གི་ ཡར་སེང་སོང་ཡོད་མི་དེ་ གཙོ་བོ་ར་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཨིནམ་སྦེ་ བཀོད་ཡོདཔ་བཞིན་དུ་ ཁྲོམ་ཁ་ལུ་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་གི་ རིན་གོང་ཚད་འཛིན་འབད་མི་མེདཔ་ལས་ ནང་འདྲེན་འབད་མི་ ཚོད་བསྲེ་གི་གོང་ཚད་ཚུ་དང་ཕྱདཔ་ད་ མཐོ་དྲགས་འབད་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ད་རུང་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ འཕྲལ་འཕྲལ་སྦེ་ར་ ས་རུད་ཆད་དེ་ ལམ་བསུབས་མི་ལུ་བརྟེན་ སྐྱེལ་འདྲེན་གྱི་གླ་ཆ་ ཡར་སེང་སོང་མི་ལུ་བརྟེན་ཏེ་ཨིན་པས།
གནད་དོན་གཞན་ཡང་ དཔྱེ་འབད་བ་ཅིན་ རྒྱལ་ཁབ་ནང་ ཆང་བི་ཡར་ལུ་ བརྒྱ་ཆ་༤༠ ཡར་སེང་སོང་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ལས་ཐོན་མི་དང་ ནང་འདྲེན་འབད་མི་ བཟའ་འཐུང་གི་རིགས་ཚུ་ བརྒྱ་ཆ་༢༤.༥༡ དེ་མ་ཚད་ ཉེར་སྤྱོད་གོང་ཚད་གནས་ཐོ་ ཐེངས་༢ པའི་ནང་ གྱོན་ཆས་ཚུ་ བརྒྱ་ཆ་༢༠.༦༠ ཡར་སེང་སོང་མི་དེ་ འགོ་དང་པ་ཨིན་པས།
ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁང་གླ་བརྒྱ་ཆ་༨.༡༤ ཡར་སེང་རྐྱབ་ཡོད་རུང་ གློག་མེའི་མཐུན་རྐྱེན་དང་ སྐྱེལ་འདྲེན་ཞབས་ཏོག་ དེ་ལས་ ཉ་ཚུ་ལུ་ ཟླཝ་༡༢ ནང་ ཡར་སེང་སྦོམ་མ་འགྱོ་བས་ཟེར་ཨིནམ་ད་ བརྒྱུད་འཕྲིན་ཞབས་ཏོག་ཚུ་ལུ་ བརྒྱ་ཆ་༡.༤༦ མར་བབས་སོང་ནུག་ཟེར་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ གསར་སྟོན་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ ཟླཝ་༣ རེའི་ ཉེར་སྤྱོད་གོང་ཚད་གནས་ཐོ་དེ་ བརྒྱ་ཆ་༥.༨༩ ལུ་ ཐོ་བཀོད་འབད་ཡོད་མི་དེ་ སྤྱི་ལོ་༢༠༠༣ ལས་ ད་ཚུན་ མཐོ་ཤོས་ཅིག་ཨིན་པས།
འདས་པའི་ལོ་༩ འི་རིང་ དངུལ་ཀྲམ་གྱི་ གནས་གོང་དེ་ བརྒྱ་ཆ་༤༤ མར་བབས་སོང་ཡོདཔ་ལས་ སྤྱི་ལོ་༢༠༠༣ ལུ་ དངུལ་ཀྲམ་༥༦ འབད་མི་ གནས་གོང་དེ་ ད་རེས་ནངས་པ་ དངུལ་ཀྲམ་༡༠༠ ལུ་ ལྷོད་ནུག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment