གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེ་ཏི་ཁའི་ སའི་ཇོ་བདག་༣ གྱིས་ ས་ཚབ་ཐོབ་ཚུགས་འོང་ག?

༡/༨/༢༠༡༢   རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ ཁ་ཉེས་འཕྲོ་མཐུད་དེ་ར་ བཀལ་བ་ཅིན་ ཁྲིམས་འདུན་ལུ་ བསྐྱལ་ནི་ཟེར་ཨིན་པས།

༉ སྤ་རོ་རྫོང་ཁག་ བེ་ཏི་ཁའི་ སོ་ནམ་ཞིང་པ་༣ གྱིས་ སྤྱི་ལོ་༢༠༠༣ ལུ་ བེ་ཏི་ཁ་འབྲིང་རིམ་སློབ་གྲྭ་འོག་མ་དེ་ སློབ་གྲྭ་བར་མ་ལུ་ རྒྱ་བསྐྱེད་འབད་ནིའི་དོན་ལས་ ཁོང་རའི་ བཟའ་སྤྱོད་ཀྱི་ ས་ཆ་གཞུང་བཞེས་བཏང་མིའི་ ས་ཚབ་གནང་ནི་མིན་འདུག་ཟེར་ ཉོགས་བཤད་བཀོདཔ་ཨིན་པས།


དེ་མ་ཚད་ ས་ཆའི་ཇོ་བདག་ཚུ་གིས་འབད་བ་ཅིན་ ཁོང་གི་སྒེར་དབང་ས་ཆ་ སློབ་གྲྭ་རྒྱ་བསྐྱེད་ཀྱི་དོན་ལུ་ གཞུང་གིས་ མཁོ་སྒྲུབ་འབདཝ་ད་ ས་ཚབ་དེ་ རྫོང་ཁག་ནང་འཁོད་ལས་ར་ སྤྲོད་འོང་ཟེར་ གན་ཡིག་ཅིག་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ རྩོད་རྙོགས་དེ་གི་སྐོར་ལས་ ལོ་རྒྱུས་མ་འདྲཝ་ཅིག་ བཤད་ནི་ཡོད་མི་དེ་ཡང་ མ་གཞི་ གཞུང་གིས་ ཁོང་གི་སྒེར་དབང་ས་ཆ་དེ་ སྤྱི་ལོ་༢༠༠༣ ལུ་ མཁོ་སྒྲུབ་འབད་ཡོད་རུང་ ས་ཚབ་ཀྱི་ ཐོབ་བརྗོད་དེ་ སྤྱི་ལོ་༢༠༠༦ ལུ་རྐྱངམ་གཅིག་ བཀོད་ནུག་ཟེར་ཨིན་པས།
སའི་ཇོ་བདག་༣ གྱིས་ ས་ཚབ་མ་ཐོབ་པའི་སྐོར་ལས་ ཉོགས་བཤད་བཀོད་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ས་ཚབ་གནང་མི་བཏུབ་པས་ཟེར་ ཁ་ཉེས་བཀལ་བའི་སྐབས་ལུ་རྐྱངམ་གཅིག་ ང་བཅས་ལུ་ ཤེས་རྟོགས་བྱུང་ཡི་ཟེར་ ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ ས་ཚབ་སྤྲོད་ནི་གི་ གྲོས་འཆར་བཙུགས་མི་ལུ་ ངོས་ལེན་འབད་མ་ཚུགས་མི་དེ་ཡང་ རྒེད་འོག་དང་ རྫོང་ཁག་བདག་སྐྱོང་གིས་ སྤྱི་ལོ་༢༠༠༧ གྱི་སའི་བཅའ་ཁྲིམས་ཀྱི་ དོན་ཚན་༡༥༥ པའི་དགོངས་དོན་ནང་ མཐའ་ཟུར་ས་གནས་ཚུ་གི་ ས་ཆ་གཞུང་བཞེས་བཏང་མིའི་ ས་ཚབ་ཚུ་ གཡུས་ཚན་གཅིག་ལས་དང་ དེ་ནང་མེད་པ་ཅིན་ རྒེད་འོག་ དེ་ལས་ རྫོང་ཁག་ནང་ལས་ སྤྲོད་དགོཔ་སྦེ་ གསལ་བཀོད་འབད་ཡོད་མི་དང་འཁྲིལ་ མ་འབད་བས་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ ས་ཚབ་ཀྱི་ གྲོས་འཆར་ཆ་མེད་བཏང་མིའི་ གནད་དོན་ཅིག་ ས་ཆ་དེ་ ན་རྒྱ་རྒེད་འོག་ལས་ གཞུང་བཞེས་བཏང་ཡོད་རུང་ ས་ཚབ་དེ་ ལམ་གོང་རྒེད་ལས་དགོཔ་སྦེ་ ཞུ་བ་བཀོད་ཡོདཔ་ལས་ སའི་བཅའ་ཁྲིམས་དང་ རྒྱབ་འགལ་འགྱོ་ནི་དེ་གིས་ཨིན་ཟེར་ དྲགོས་སངས་རྒྱས་མཁོ་འགྲོ་གིས་ བཤད་པའི་ཁར་ གྲོས་འཆར་ཆ་མེད་དེ་ཡང་ སྤྱི་ལོ་༢༠༠༨ དང་༢༠༠༩ སྐོར་ཆ་ལུ་འབད་ཡི་ཟེར་ཨིན་པས།
ཉོགས་བཤད་བཀོད་མི་ སའི་ཇོ་བདག་གསུམ་གྱིས་ འཕྲལ་ཁམས་ཅིག་ཁར་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོང་གི་བཟའ་སྤྱོད་ས་ཆ་ གཞུང་བཞེས་བཏང་པའི་ཤུལ་ལུ་ ཁོང་གིས་ ས་ཚབ་འཚོལཝ་ད་ གཡུས་ཚན་དེ་ནང་ གཞུང་ས་སྟོངམ་མེདཔ་ལས་ རྒེད་འོག་དང་ རྫོང་ཁག་ནང་འཁོད་ལས་ཕར་ འཚོལ་བར་སོང་ཡི་ཟེར་ཨིན་པས།
ཨིན་རུང་ ས་ཆ་ལྷན་ཚོགས་ཀྱིས་ བརྟག་ཞིབ་འབདཝ་ད་ ཁོང་གི་ས་ཆ་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་གཞི་བཙུགས་མ་འབད་བའི་ ལོ་ངོ་༤ གི་ཧེ་མར་ གཞུང་བཞེས་བཏང་ཡོདལས་ ས་ཚབ་ཐོབ་བརྗོད་མ་བཀོད་པར་ ལོ་ངོ་༤ ཚུན་ བསྒུག་སྡོད་མི་ལུ་ དོགས་སྣང་སྦོམ་ཡོད་ཟེར་ཨིནད་མ་ ས་ཆ་ལྷན་ཚོགས་དེ་ སྤྱི་ལོ་༢༠༠༧ ཟླཝ་༨ པའི་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ སའི་ཇོ་བདག་༣ གྱིས་ སློབ་གྲྭ་རྒྱ་བསྐྱེད་ཀྱི་དོན་ལུ་ ཁོང་རའི་ས་ཆ་ གཞུང་ལུ་ ཁས་བླངས་ཐོག་ལས་ ཕུལཝ་ཨིན་ཟེར་ སྤྱི་ལོ་༢༠༠༣ ཟླཝ་༥ པའི་ཚེས་༢༩ ལུ་ རྒེད་འོག་ཡར་རྒྱས་ཚོགས་འདུ་དང་ སློབ་གྲྭ་འཛིན་སྐྱོང་ཚོགས་པ་བཅས་ འཐུས་མི་༡༨ འཛོམས་ཐོག་ལུ་ གན་རྒྱ་ཅིག་བཟོ་ནུག།
དེ་འབདཝ་ད་ གན་རྒྱའི་ནང་ ས་ཚབ་སྤྲོད་ནི་དང་ ཡང་ཅིན་ རྒུད་འཐུས་ཀྱི་ ལོ་རྒྱུས་ག་ནི་ཡང་ བཀོད་དེ་མེདཔ་ལས་ ང་བཅས་ཀྱི་ཚོར་སྣང་ལུ་ ས་ཆ་ཚུ་ མི་སྡེའི་མཐའ་དོན་ལུ་ ཁས་བླངས་ཐོག་ལས་ ཕུལ་ཡོདཔ་བཟུམ་སྦེ་ གོཝ་མས་ཟེར་ དྲགོས་སངས་རྒྱས་མཁའ་འགྲོ་གིས་ བཤད་པའི་ཁར་ གལ་སྲིད་ གཞུང་ལས་ ས་ཚབ་དང་ ཡང་ཅིན་ རྒུད་འཐུས་སྤྲོད་དགོ་པ་ཅིན་ གན་རྒྱའི་ནང་ གསལ་བཀོད་འབད་འབདཝ་འོང་ཟེར་ བཤདཔ་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁོང་གིས་ སློབ་གྲྭ་རྒྱ་བསྐྱེད་ཀྱི་དོན་ལུ་ ཁས་བླངས་ཐོག་ ས་ཆ་ཕུལ་མི་དེ་ གན་ཡིག་ནང་ གསལ་བཀོད་མ་འབད་མི་ལུ་བརྟེན་ དེ་འཕྲོ་ལས་ ས་ཚབ་ཀྱི་ ཐོབ་བརྗོད་བཀོད་པ་ཅིན་ གན་ཡིག་གུ་ མིང་རྟགས་བཀོད་མི་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ ཤེས་འོང་ཟེར་མནོ་སྟེ་ ལོ་ངོ་༤ གི་རིང་ ཐོབ་བརྗོད་མ་བཀོད་པར་ ས་གནས་གཞུང་དང་ རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་ སོར་ནིའི་དོན་ལུ་ བསྒུད་སྡོད་ཡོདཔ་འོང་ནི་མས་ཟེར་ཨིན་པས།
དྲུང་ཆེན་གྱིས་ སླབ་མིའི་ནང་ མི་ཚུ་གིས་ བདག་སྐྱོང་སྒྲིང་སྒྲིང་མེད་མི་ལུ་ གོ་སྐབས་ལེན་ནི་གི་ རྩིས་རྐྱབ་མས་ཟེར་ཨིནམ་ད་ རྩ་ཕན་ཚུ་གི་བར་ན་བཟོ་མི་ གན་ཡིག་དེ་ སྒྲུབ་བྱེད་ཀྱི་ རྒྱབ་སྣོན་ཡིག་ཆ་ཅིག་ཨིནམ་ལས་ སའི་ཇོ་བདག་ཚུ་གིས་ ས་ཆ་ལྷན་ཚོགས་ལུ་ འཕྲོ་མཐུད་དེ་ར་ ཁ་ཉེས་བཀལ་བ་ཅིན་ ང་བཅས་ཀྱིས་ ཁོང་ཆ་ཁྱབ་ ཁྲིམས་གཏུགས་འབད་ནིའི་དོན་ལུ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་ཟེར་ཨིན་པས།
ད་རུང་ སའི་ཇོ་བདག་ཚུ་གིས་ ས་ཚབ་ཀྱི་ ཐོབ་བརྗོད་བཀོདཔ་ད་ རྫོང་ཁག་ས་ཁྲམ་ཡིག་ཚང་ནང་ཡོད་མི་ རྩ་ཕན་ཚུ་གི་ གན་རྒྱ་ལུ་འབྲེལ་གཏུགས་མ་འབད་བར་ ས་ཚབ་སྤྲོད་ནི་གི་ བྱ་རིམ་ཚུ་ སྒྲིག་ནུག་ཟེར་ ས་ཆ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་པའི་ཁར་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ གན་རྒྱ་དང་འཁྲིལ་ ངོས་ལེན་འབད་ཡོད་པ་ཅིན་ ད་རེས་ རྩོད་རྙོགས་ཐོན་དགོཔ་མེད་ཟེར་ སླབ་ཨིན་པས།
རྒེད་འོག་དང་ རྫོང་ཁག་བདག་སྐྱོང་གི་ ལས་བྱེདཔ་ཚུ་གིས་ མི་སེར་ལས་ རྒྱབ་སྐྱོར་འཐོབ་ནིའི་དོན་ལུ་ སའི་བཅའ་ཁྲིམས་དང་ བཅའ་ཡིག་ཚུ་དང་འཁྲིལ་ ལཱ་མ་འབདཝ་ད་ ཁ་ངན་དེ་ ས་ཆ་ལྷན་ཚོགས་ལུ་ ཕོགཔ་མས་ཟེར་ དྲགོས་སངས་རྒྱས་མཁའ་འགྲོ་གིས་ སླབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment