གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ཁྲོམ་སྡེའི་ ས་ཁོངས་ཕྱི་ཁར་ བཟོ་སྐྲུན་བཀག་ཆ།

༤/༨/༢༠༡༢   ༉ དུས་ཅི་ སྤྱི་ཟླ་༤ པ་ལས་ འགོ་བཙུགས་ཏེ་ ཐིམ་ཕུ་རྫོང་ཁག་གིས་ ཁྲོམ་སྡེའི་ ས་ཁོངས་ཕྱི་ཁར་ བཟོ་སྐྲུན་གྱི་ གནང་བ་བྱིན་ནི་དེ་ བཀག་ཆ་འབད་ཡོདཔ་ད་ དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཁྲོམ་གྱི་ ཕྱི་ཁའི་བཟོ་བཀོད་ཚུ་ ཐོག་ཚད་༢ སྦེ་ གཅིག་མཚུངས་བཞག་དགོ་པའི་ གསལ་བསྒྲགས་འབད་མི་དང་འཁྲིལ་ཏེ་ཨིན་པས།


རྫོང་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་གནས་སྐབས་ཅིག་ བཟོ་སྐྲུན་གྱི་གནང་བ་བྱིན་ནི་དེ་ མཚམས་འཇོག་འབད་དགོ་མི་དེ་ཡང་ གསལ་བསྒྲགས་དེ་ ཁ་གསལ་ཅིག་ མེད་པ་ལུ་བརྟེན་ཏེ་ ཨིན་ཟེར་ཨིནམ་ད་ གསལ་བསྒྲགས་དེ་ནང་ གྲོང་སྡེའི་བཟོ་བཀོད་ཚུ་ ཐོག་ཚད་༢ སྦེ་ བཞག་དགོ་ཟེར་ བཀོད་ཡོདཔ་ཨིན་རུང་ ཁྲིམས་ལུགས་དེ་ གཞུང་གི་བཟོ་བཀོད་ཚུ་ རྐྱངམ་གཅིག་གི་དོན་ལུ་ ལག་ལེན་འཐབ་དགོཔ་སྦེ་ཡང་ བཀོད་དེ་འདུག་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
རྫོང་ཁག་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཁྲིམས་ལུགས་དེ་ གཞུང་གི་བཟོ་བཀོད་ཚུ་ རྐྱངམ་གཅིག་ལུ་ ལག་ལེན་འཐབ་ནི་ཨིན་ན་ ཡང་ཅིན་ སྤྱིར་བཏང་གི་བཟོ་སྐྲུན་ ག་རའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ནའི་སྐོར་ལས་ དོགས་སེལ་ལྷོད་ནི་ལུ་ སྒུག་དོ་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢༦ ལུ་བཏོན་མི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་རྒྱ་ནང་ དེ་བཟུམ་མའི་ ཐབས་ལམ་ཚུ་ བཏོན་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་མར་ཕབ་རྐྱབ་ནི་དང་ ནང་འཁོད་ཀྱི་ དཔལ་འབྱོར་གནས་སྟངས་ སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ཨིན་ཟེར་ བཀོད་དེ་འདུག།
གསལ་བསྒྲགས་དེ་ཡང་ ཞབས་ཏོག་ལྷན་ཁག་གི་འོག་ལུ་ཡོད་པའི་ ལས་ཁུངས་ཀྱི་མདོ་ཆེན་ཚུ་དང་ བཀོད་ཁྱབ་དྲུང་ཆེན་ ཁྲོམ་དཔོན་ དེ་ལས་ རྫོང་ཁག་༢༠ གི་ བཟོ་རིག་འགོ་དཔོན་ཚུ་ལུ་ བཏང་ཡོདཔ་ཨིན་རུང་ རྫོང་ཁག་བཟོ་རིག་འགོ་དཔོན་ མང་ཤོས་ཅིག་གིས་ར་ གསལ་བསྒྲགས་དེ་གི་སྐོར་ལས་ ཁ་གསལ་སྦེ་ ཧ་གོ་མ་ཚུགསཔ་ཨིན་པས།
མ་གཞི་ གནད་དོན་དེ་གི་སྐོར་ལས་ ཞབས་ཏོག་ལྷན་ཁག་གི་ དྲུང་ཆེན་གྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལུ་ དོགས་སེལ་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཞབས་ཏོག་བློན་པོ་དང་ གྲོས་བསྟུན་འབད་དགོཔ་སྦེ་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ ད་རུང་ གསལ་བསྒྲགས་ཅིག་ བཏོན་ཡོདཔ་ཨིན་པས།
གསལ་བསྒྲགས་དེ་ནང་ གཞུང་གི་བཟོ་སྐྲུན་གྱི་ ལཱ་ཚུ་གི་དོན་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ བཟོ་སྐྲུན་ཅ་ཆས་ཚུ་ ལག་ལེན་འཐབ་དགོཔ་སྦེ་ཡང་ བཀོད་དེ་འདུག།
ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲགོས་ ཌོག་ཊར་ བསོད་ནམས་བསྟན་འཛིན་གྱིས་འབད་བ་ཅིན་ དེ་བཟུམ་མའི་ ཐབས་ལམ་བཏོན་དགོ་མི་དེ་ཡང་ རྒྱལ་ཁབ་ཀྱི་ གཡུས་སྒོ་ཚུ་ནང་ རང་ལུགས་ཁྱིམ་གྱི་ བཟོ་བཀོད་དང་ མཛེས་ཆ་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ དེ་མེན་པ་ཅིན་ ད་རེས་ནངས་པ་ ཁྲོམ་གྱི་ཉེ་འདབས་ལས་ཕར་ ཁྱིམ་གྱི་བཟོ་བཀོད་ཚུ་ མ་འཇའ་སི་སི་སྦེ་ རྐྱབ་དོ་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འཆར་གཞི་༡༡ པའི་ནང་ ཁྲོམ་སྡེའི་དོན་ལུ་ཡང་ འཆར་གཞི་ཅིག་ ལོགས་སུ་སྦེ་ བརྩམ་ནི་ཨིན་མི་དེ་ནང་ རྩི་སའི་བཟོ་བཀོད་ཚུ་ རྐྱབ་མི་བཅུག་ཟེར་ཨིན་པས།
ཨིན་རུང་ ཐིམ་ཕུ་ཁྲོམ་གྱི་ ཉེ་འདབས་ལུ་སྡོད་མི་ ཁྲོམ་སྡེའི་མི་སེར་ཚུ་ གསལ་བསྒྲགས་དེ་ལུ་ལྟ་སྟེ་ སེམས་མ་དགའ་བར་ཡོདཔ་ཨིན་པས།
ཐིམ་ཕུ་དཀར་སྦིས་ས་ལུ་ ས་ཆ་ཡོད་མི་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ འདྲ་མཉམ་དང་ དྲང་བདེན་མེད་པའི་ ཁྲིམས་དང་ལམ་ལུགས་ཚུ་ ལག་ལེན་འཐབ་དགོཔ་ཅིག་ མིན་འདུག་ཟེར་ཨིནམ་ད་ དེ་ཡང་ བདེ་ཆེན་ཆོས་གླིང་དང་ དཀར་སྦིས་ས་གཉིས་ཀྱི་བར་ན་ ས་མཚམས་རྐྱངམ་གཅིག་མ་གཏོགས་ ཁྱད་པར་གཞན་ ག་ནི་ཡང་ མེད་ཟེར་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཁོ་གི་ དམིགས་དོན་གཙོ་བོ་ར་ སྒྲིང་ཁྱིམ་བཟོ་སྐྲུན་འབད་ཐོག་ལས་ ཁང་གླར་བཏང་སྟེ་ འོང་འབབ་བཟོ་ནི་དེ་ཨིནམ་ལས་ གཞུང་གིས་ དེ་བཟུམ་མའི་ བཀག་ཆ་འབད་ནི་དེ་ འོས་འབབ་དང་མི་ལྡན་པས་ཟེར་ཨིན་པས།
དེ་བཟུམ་མའི་ བསམ་འཆར་ཚུ་ ཐིམ་ཕུ་ སྡེཔ་སི་ཕར་ཁར་ སྡོད་མི་ཚུ་གིས་ཡང་ བཤད་དོ་ཡོདཔ་ད་ ད་རེས་ཁམས་ཅིག་ཁར་ ཨཱསི་ཊེ་ལི་ཡ་ལས་ ལོག་རྒྱལ་ཁབ་ནང་ ལྷོད་མི་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ ད་ལྟོ་ཚུན་ གསོག་འཇོག་འབད་མི་ ཏི་རུ་ཚུ་གིས་ ས་གནས་དེ་ཁར་ལས་ ཁྱིམ་ས་ཅིག་ ཉོ་མི་དེ་ཡང་ ཁུངས་མེདཔ་ཐལ་ནི་མས་ཟེར་ཨིན་པས།
དྲགོས་ཌོག་ཊར་ བསོད་ནམས་བསྟན་འཛིན་གྱིས་འབད་བ་ཅིན་ ཁྲོམ་སྡེའི་ ས་ཁོངས་ནང་མ་ཚུད་པའི་ ས་གནས་ཚུ་ནང་ སྡོད་མི་ཚུ་གིས་ སྒྲིང་ཁྱིམ་རྐྱབ་སྟེ་ ཁང་གླར་གཏང་ནི་ཨིན་པའི་སྐོར་ལས་ ཉོགས་བཤད་བཀོད་ནི་ མི་འོང་ཟེར་ སླབ་ཨིན་པས།
སྤུ་ན་ཁའི་ བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ ཁོ་གིས་ ད་ལྟོ་ཚུན་ དེ་བཟུམ་མའི་ གསལ་བསྒྲགས་མ་ཐོབ་ཟེར་ཨིནམ་ད་ བསམ་རྩེ་རྫོང་ཁག་གི་ བཟོ་རིག་འགོ་དཔོན་གྱིས་འབད་བ་ཅིན་ ཁྲིམས་ལུགས་གསརཔ་བཟོ་མི་དེ་ རྫོང་ཁག་སྲོལ་འཛིན་འགོ་དཔོན་གྱིས་ བསྟར་སྤྱོད་འབད་དགོཔ་ཅིག་ ཨིན་མས་ཟེར་སླབ་ཨིན་པས།
སྤ་རོའི་བཟོ་རིག་འགོ་དཔོན་གྱིས་ ཁྲིམས་ལུགས་དེ་ རྫོང་ཁག་ཚོགས་འདུའི་སྐབས་ བསྐྱར་ཞིབ་འབད་ནི་ཟེར་ཨིནམ་ད་ ཨིན་རུང་ གསལ་བསྒྲགས་དེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གནང་གནངམ་འབདཝ་ལས་བརྟེན་ ལག་ལེན་འཐབ་དགོཔ་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment