གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དང་ རི་དྭགས་སེམས་ཅན་ཚུ་ གི་བྲེལ་ཟིང་།

༡༣/༨/༢༠༡༢   ༉ དུས་ཚོད་འ་ནེམ་ཅིག་ཁར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ རི་དྭགས་སེམས་ཅན་ ཕགཔ་དང་ སྤྱ་ དེ་ལས་ བྱི་ཐུར་ཚུ་གིས་ ལོ་ཐོག་ལུ་ གནོད་པ་སྦོམ་བཀལ་དོ་ཡོདཔ་ལས་ མི་སེར་སོ་ནམ་པ་ཚུ་ ཉིན་ནུབ་མེད་པར་ ལོ་ཐོག་སྲུང་སྡོད་དོ་ཡོདཔ་ཨིན་པས།
སོ་ནམ་ཞིང་མི་ཚུ་གིས་ རི་དྭགས་སེམས་ཅན་སྲུང་སྡོད་པའི་བསྒང་།


དེ་ཡང་ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་ སྟོང་ལ་དགོན་པའི་གཡུས་ཚན་ནང་འབད་བ་ཅིན་ མི་སེར་ཚུ་ དཀའཝ་སྤྱད་དེ་ གེ་ཟའི་ཞིང་ཚུ་ སྲུང་སྡོད་སར་མཐོང་མི་དེ་ཡང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་སྦོམ་བཀལ་ནི་དེ་གིས་ཨིནམ་ད་ སོ་ནམ་པ་ཚུ་ ཐ་ན་ ཞག་ཉལ་ནིའི་དུས་ཚོད་ཡང་མེད་པར་ སྡོད་དགོ་པས་ཟེར་ སྟོང་ལ་ཚོགས་པ་ དར་རྒྱས་ཀྱིས་ སླབ་ཨིན་པས།
སྟོང་ལ་གཡུས་ཚན་དེ་ ནགས་ཚལ་གྱི་སྦོ་ལོགས་ཁར་ཨིནམ་ད་ གཡུས་ཚན་ནང་ ཁྱིམ་གུང་པ་༡༨ དེ་ཅིག་ཡོད་མིའི་ ལོ་ཐོག་ཚུ་ ཧ་ལམ་ ཕྱེད་དེ་ཅིག་ རི་དྭགས་སེམས་ཅན་ཚུ་གིས་ མེདཔ་བཏང་ཡོདཔ་ད་ སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ གལ་སྲིད་ ཕྱི་རུ་ཅིག་ ཐོག་སྲུང་པར་ མ་ལྷོད་པ་ཅིན་ དྲོ་པ་ལྟ་བའི་བསྒང་ལས་ ཞིང་སྟོངམ་འཐོན་ནིའི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པ་ ཁོ་གིས་ ཞིང་ཨེ་ཀར་༣ དེ་ཅིག་ནང་ གེ་ཟ་དང་ ཀེ་བ་འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༤༥ ལང་མི་ ངག་དབང་ཕུན་ཚོགས་ཀྱིས་ ཞིང་ཨེ་ཀར་༢ དེ་ཅིག་ནང་བཙུགས་མི་ ཀེ་བ་ཚུ་ མེདཔ་བཏང་ཡོདཔ་ད་ ན་ཧིང་འབད་བ་ཅིན་ ཀེ་བ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༢༠,༠༠༠ དེ་ཅིག་ བཟོ་ཡོད་རུང་ དུས་ཅི་ ཕགཔ་གིས་མེདཔ་བཏང་མི་ལུ་བརྟེན་ སང་ཕོད་ཀྱི་དོན་ལུ་ སོན་ཡང་ ལང་མི་ཚུགས་ནི་མས་ཟེར་ཨིན་པས།
སྐྱེངས་མཁར་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ གེ་ཟ་དེ་ ལོ་ཐོག་གཙོ་ཅན་ཅིག་ཨིནམ་ལས་ མི་སེར་ཚུ་གིས་འབད་རུང་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ བསྲུང་ནིའི་དོན་ལུ་ ཉིམ་ཤར་རུང་ ཆརཔ་རྐྱབ་རུང་ སྐྱིད་ཏོང་ཏོ་སྦེ་ སྡོད་ནི་མི་ཐོབ་དོ་ཡོདཔ་ད་ རི་ཕག་ཚུ་འོངམ་ད་ ཁྱུ་སྦེ་འོང་ནི་དེ་གིས་ ཡུདཔ་ཐེངས་ཅིག་ནང་ར་ ལོ་ཐོག་ཚུ་གླང་དོ་ལས་བཅད་དེ་ མེདཔ་བཏངམ་མས་ཟེར་ སོ་ནམ་པ་ངག་དབང་གིས་ སླབ་ཨིན་པས།
འདས་པའི་ལོ་ཚུ་དང་ཕྱདཔ་ད་ དུས་ཅི་ རི་དྭགས་སེམས་ཅན་ཚུ་གི་ གནོད་པ་སྦོམ་བཀལ་མི་དེ་ཡང་ ཁོང་གི་གཡུས་ཚན་གྱི་ལྟག་ལུ་ ཤ་ཇུ་ལ་གཡུས་ཚན་ནང་ དུས་ཅི་ལས་ རི་དྭགས་སེམས་ཅན་ཚུ་ བཀག་ཐབས་འབད་ནིའི་དོན་ལུ་ གཞུང་གི་ གྲོགས་རམ་ཐོག་ལས་ གློག་ཐག་གི་ རྭཝ་རྐྱབ་མི་ལུ་བརྟེན་ རི་དྭགས་སེམས་ཅན་ཚུ་ སྟོང་ལ་གཡུས་ཚན་ནང་ ལྷོད་ནུག་ཟེར་ ཁོ་གིས་ སླབ་ཨིན་པས།
གཡུས་ཚན་དེ་ནང་ རི་དྭགས་སེམས་ཅན་ཚུ་ འདྲོག་འབྱེལ་འཐབ་བཅུག་ནིའི་དོན་ལུ་ གོ་ལ་ར་རྡུགས་དང་ ཅ་ཆས་རག་རོ་ཚུ་ ཞིང་ནང་ལྷོང་བཞག་རུང་ ཕན་ཐོགས་བྱུང་མ་ཚུགསཔ་ལས་ གཞུང་གིས་ ཁོང་ལུ་ཡང་ གློག་ཐག་གི་རྭཝ་ གནང་ཐབས་ཡོད་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ སོ་ནམ་པ་ དར་རྒྱས་ཀྱིས་ སླབ་ཨིན་པས།
སྐྱེངས་མཁར་རྒཔོ་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ མོང་སྒར་རྫོང་ཁག་ནང་ རྒེད་འོག་༡༧ ཡོད་པའི་གྲས་ལས་ སྐྱེངས་མཁར་དེ་ མཐའ་ཟུར་གྱི་རྒེད་འོག་ཅིག་ཨིནམ་ལས་ མི་སེར་སོ་ནམ་པ་ཚུ་ དུས་ཚོད་འ་ནེམ་ཅིག་ཁར་ ལོ་ཐོག་ཚུ་ བསྲུང་ནིའི་དོན་ལུ་ རི་དྭགས་སེམས་ཅན་ཚུ་དང་གཅིག་ཁར་ འུར་འབྱེལ་འཐབ་སྡོད་དགོ་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment