ཉ་གསོ་སྐྱོང་འཐབ་མི་ སོ་ནམ་ཞིང་པ་ཚུ་གིས་ འབད་བ་ཅིན་ སྒོ་ནོར་དང་ ཞིང་ནང་འབྱ་འཛུགས་སྐྱོང་གི་ གྲོང་གསེབ་སོ་ནམ་གྱི་ཞིང་ལཱ་གཞན་དང་ཕྱདཔ་ད་ ཉ་གསོ་སྐྱོང་འཐབ་ནི་དེ་ ལཱ་འཇམ་ཏོང་ཏོ་ཅིག་ཨིན་མས་ཟེར་བཤདཔ་ཨིན་པས།
ཕུན་ཚོགས་ཐང་རྒེད་འོག་༡ ནང་ར་ ཉ་གསོ་སྐྱོང་འཐབ་མི་ ཁྱིམ་གུང་༦༥ དེ་ཅིག་ཡོདཔ་ད་ གླང་ཆེན་ཕུག་རྒེད་འོག་ ཇོ་མོ་གཙང་ཁ་ལུ་ ཉ་གསོ་སྐྱོང་ཁང་༣༠ དང་ པདྨ་ཐང་རྒེད་འོག་ནང་ ཉ་གསོ་སྐྱོང་འཐབ་མི་ཞིང་པ་༡༨ དེ་ཅིག་ཡོདཔ་ཨིན་པས།
སྐྱེས་ལོ་༦༡ ལང་མི་ ཕུན་ཚོགས་ཐང་གི་ ཉ་གསོ་སྐྱོང་ཁང་༡ ནང་ ཉ་༨༠༠༠ དེ་ཅིག་ གསོ་སྐྱོང་འཐབ་མི་ ཤེར་བྷ་དུར་ཏཱ་མང་གིས་ སླབ་མིའི་ནང་ ཁོ་གི་ཉ་ཚུ་ ཁྱིམ་ཚང་དང་ ཞི་གཡོག་ དེ་ལས་ གཡུས་ཁ་ལས་ཕར་འོང་མིའི་ མགྱོནམ་ཚུ་ལུ་ བཙོང་དོ་ཡོདཔ་མ་ཚད་ བདུན་མཐའི་སྐབས་སུ་ཁྲོམ་ཁ་ཡང་ བཙོང་པར་འབག་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ ཉ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥༠ རེ་སྦེ་ བཙོང་དོ་ཡོདཔ་ད་ དེ་བཟུམ་སྦེ་ སྐྱེས་ལོ་༦༥ འབད་མི་ དིལ་མ་ཡ་གིས་ སླབ་མིའི་ནང་ ཉ་གསོ་སྐྱོང་འཐབ་སྟེ་ ཚོང་འབྲེལ་འབད་ནི་དེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ཁར་ ལཱ་དེ་ཡང་ དོ་འགྲན་མེད་དེ་འབད་རུང་ ཆུ་རྒྱུན་ཆད་མེད་པར་དགོ་མི་དེ་གིས་ ཚ་གྱང་ཡོད་ཟེར་ཨིན་པས།
བསམ་འགྲུབ་ལྗོངས་མཁར་གྱི་ ཉ་གསོ་སྐྱོང་འཐབ་མི་༡༡༤ ལུ་ སོ་ནམ་ལྷན་ཁག་གིས་ ཉ་རིགས་མ་འདྲཝ་༦ དེ་ཅིག་ མཁོ་སྤྲོད་འབད་ཡོད་རུང་ སོ་ནམ་པ་ཚུ་གིས་ ཁོང་རའི་ཆུ་མཛོད་ཁང་གི་ཚད་གཞི་དང་ ཉའི་གཟུགས་ཚད་ཚུ་ལུ་གཞི་བཞག་ཐོག་ ཉ་རིགས་༣ དང་༤ དེ་ཅིག་མ་གཏོགས་ མ་བཞག་པའི་ཁར་ ཉ་གསོ་སྐྱོང་འཐབ་མི་ཚུ་ལུ་ ལྷན་ཁག་གིས་ ན་ཧིང་ ཉ་སོན་ཆུང་ཀུ་ཚུ་ རིན་མེད་སྟོང་པར་སྦེ་ གནང་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་ ཉ་མེ་ཊིག་ཊོན་༣༢ བཙོང་སྟེ་ ཉའི་ཐོན་སྐྱེད་འབད་མིའི་གྲས་ལས་ ཨང་དང་པ་ཐོན་ཡི་ཟེར་ རྫོང་ཁག་གི་ ཉ་གོང་འཕེལ་ལས་རིམ་འགོ་དཔོན་གྱིས་བཤད་པའི་ཁར་ ན་ཧིང་འབྲུག་ནང་འཁོད་ལས་ ཉ་མེ་ཊིག་ཊོན་༤༢ ཐོན་སྐྱེད་འབད་མི་ལས་ བརྒྱ་ཆ་༩༠ དེ་ཅིག་ བསམ་གྲུབ་ལྗོངས་མཁར་ལས་འབད་ཡི་ཟེར་ ཉ་གསོ་སྐྱོང་ལས་རིམ་གྱི་ མགྲིན་ཚབ་ ཅང་ཅུང་གིས་བཤདཔ་ཨིན་པས།
རྫོང་ཁག་དེ་གིས་ སྤྱི་ལོ་༢༠༡༡ ལུ་ ཉ་མེ་ཊིག་ཊོན་༢༧ དང་ སྤྱི་ལོ་༢༠༠༩ ལུ་ མེ་ཊིག་ཊོན་༡༠ དེ་ཅིག་ཐོན་སྐྱེད་འབད་ཡོདཔ་ད་ ན་ཧིང་ སོ་ནམ་ལྷན་ཁག་གིས་ རྫོང་ཁག་དེ་གི་དོན་ལུ་ ཉ་སོན་གྱི་ཆུ་མཛོད་ཁང་༦ དང་ ཉ་གསོ་སྐྱོང་འཐབ་སའི་ཆུ་མཛོད་ཁང་༦ གི་དོན་ལུ་ ས་ཆ་ཨེ་ཀར་༡༢.༦༩ འབད་མི་ ས་ཁོངས་ཅིག་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ ཉ་གསོ་སྐྱོང་འཐབ་ནི་དེ་ སྤྱི་ལོ་༢༠༠༦ ལས་འགོ་བཙུགས་ཡོདཔ་ད་ ཅང་ཅུང་གིས་འབད་བ་ཅིན་ ཉ་གསོ་སྐྱོང་འཐབ་ནི་དེ་ ལཱ་འཇམ་རུང་ དགེ་སྡིག་གི་རྣམ་བཞག་ལུ་བརྟེན་པའི་ དོ་འགྲན་ཅིག་དང་ ཆུ་དང་ ས་གཞི་མ་ལང་པའི་གནས་སྟངས་ དེ་ལས་ གནམ་གཤིས་ལུ་བརྟེན་པའི་དཀའ་ངལ་ཚུ་གིས་ དོ་འགྲན་བྱུངམ་མས་ཟེར་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment