གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞི་རྟེན་གོང་ཚད་ ཡར་སེང་འབད་མི་ལུ་བརྟེན་ ཨེ་པཱལ་གྱི་ཕྱིར་ཚོང་ ཐོགས་ལུས་ཡོདཔ།

༣/༨/༢༠༡༢   ༉ ཉིནམ་༢ དེ་ཅིག་གི་ ཧེ་མ་ལས་ ཕུན་ཚོགས་གླིང་ལས་ བང་ལ་དེཤ་ལུ་ ཨེ་པཱལ་ཕྱིར་ཚོང་འཐབ་ནི་ འགོ་བཙུགས་ནི་ཨིན་རུང་ ཨེ་པཱལ་གྱི་ གཞི་རྟེན་གོང་ཚད་ ཡར་སེང་འབད་མི་ལུ་བརྟེན་ བང་ལ་དེཤ་གི་ ནང་འདྲེན་འཐབ་མི་ཚུ་གིས་ ཨེ་པཱལ་ལེན་མ་བཏུབ་པར་ ཡོདཔ་ཨིན་པས།
ཁ་ཙ་ ཕུན་ཚོགས་གླིང་གི་ མཛོད་ཁང་ནང་ལྷོད་མི་ ཨེ་པཱལ་ཚུ།


ན་ཧིང་ ཨེ་པཱལ་གྱི་ གཞི་རྟེན་གོང་ཚད་དེ་ ཊིག་ཏཱོན་རེ་ལུ་ གོང་ཚད་ ཡུ་ཨེསི་ཌོ་ལར་༧༠༠ རེ་འབད་མི་དེ་ ཡུ་ཨེསི་ཌོ་ལར ༧༥༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
གཞི་རྟེན་གོང་ཚད་དེ་ འབྲུག་ཕྱིར་ཚོང་ཚོགས་པ་གིས་ མཉམ་འབྲེལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཐོག་ལས་ ཕྱིར་ཚོང་འཐབ་མི་ཚུ་གིས་ རིན་གོང་ ཡར་སེང་འབད་ནིའི་ གྲོས་འཆམ་བྱུང་མི་ལུ་བརྟེན་ཏེ་ཨིནམ་ད་ གྲོས་ཆོད་དེ་ལུ་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ཡང་ ངོས་ལེན་ འབད་ཡོདཔ་ཨིན་པས།
ཕྱིར་ཚོང་འཐབ་མི་ པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་གིས་ ཨེ་པཱལ་གྱི་ གཞི་རྟེན་གོང་ཚད་ཡར་སེང་འབད་མི་དེ་ཡང་ ད་རེས་ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་སེལ་ཐབས་ནི་ལུ་ ཡུ་ཨེསི་ཌོ་ལར་གྱིས་ ལྷན་ཐབས་འབད་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིནམ་པས།
ད་རུང་ ཕྱིར་ཚོང་འཐབ་མི་གཞན་ ཉིམ་ཚེ་རིང་གིས་ སླབ་མིའི་ནང་ བང་ལ་དེཤ་གི་ ནང་འདྲེན་འཐབ་མི་ཚུ་གིས་ རིན་གོང་ཡར་སེང་འབད་མི་ལུ་ ངོས་ལེན་འབད་མ་བཏུབ་མི་དེ་ཡང་ ཁོང་དང་གཅིག་ཁར་ གྲོས་བསྟུན་མ་འབད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ནང་འདྲེན་འཐབ་མི་ཚུ་གིས་ འབད་བ་ཅིན་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཁོང་དང་གཅིག་ཁར་ གྲོས་བསྟུན་མེད་པར་ གོང་ཚད་ཡར་སེང་འབད་ནི་དེ་ འོས་འབབ་མེད་ཟེར་སླབ་ལས་ ཟླཝ་འདི་ནང་ ཨེ་པཱལ་ཕྱིར་ཚོང་གི་ དུས་ཚོད་ལེགས་ཤོམ་ཅིག་ཨིན་རུང་ ཕྱིས་ནི་མས་ཟེར་ཨིན་པས།
འདས་པའི་ལོ་ཚུ་ནང་འབད་བ་ཅིན་ ཨེ་པཱལ་ཕྱིར་ཚོང་གི་ ཚོང་འབྲེལ་དེ་ སྤྱི་ཟླ་༨ པའི་ཚེས་༥ ལས་ འགོ་བཙུགས་ཡོདཔ་ད་ དུས་ཅི་ བང་ལ་དེཤ་ལུ་ ཨིཌ་དུས་སྟོན་ བརྩི་སྲུང་དང་འབྲེལ་ འགོ་བཙུགས་ཚུགསཔ་ འབད་ནིའི་དོན་ལུ་ སྤྱི་ཟླ་༨ པའི་ཚེས་༡ ལས་ འགོ་བཙུགས་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ཉིམ་ཚེ་རིང་གིས་ སླབ་མིའི་ནང་ དུས་སྟོན་སྐབས་ལུ་ བང་ལ་དེཤ་གི་མི་ཚུ་གིས་ ཉིན་མའི་ལྟོ་ མ་བཟའ་བར་ ཕྱི་རུ་ ཤིང་འབྲས་ཚུ་རྐྱངམ་གཅིག་ བཟའ་དོ་ཡོདཔ་ལས་ ཨེ་པཱལ་གྱི་ སྤུས་ཚད་ལུ་མ་ལྟ་བར་ ཉོ་ནི་སྦེ་ ཁས་བླངས་འབད་དེ་ ཡོད་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ བང་ལ་དེཤ་གི་ ཚོང་པ་ཚུ་གིས་ འབྲུག་ལས་ ཨེ་པཱལ་ཚུ་ སྤྱི་ཟླ་༨ པའི་ཚེས་༡ ལས་ འགོ་བཙུགས་ཏེ་ ཁོང་ལུ་ བཙོང་ཚུགསཔ་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ རིན་གོང་ཡར་སེང་འབད་མི་ལུ་བརྟེན་ ལེན་མ་བཏུབ་པར་ཡོད་ཟེར་ཨིན་པས།
ལྗིད་ཚད་ཀེ་ཇི་༢༠ འབད་མི་ ཨེ་པཱལ་སྒྲོམ་༢༥༠ དང་༣༥༠ དེ་ཅིག་གིས་ མེ་ཊིག་ཊཱེན་རེ་ ཐོན་དོ་ཡོདཔ་ད་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཉིནམ་རེ་ནང་ ཨེ་པཱལ་སྒྲོམ་༣༠༠ དེ་ཅིག་ བཙོང་ཚུགས་དོ་ཡོདཔ་ཨིན་རུང་ ད་ལྟོ་ཕུན་ཚོགས་གླིང་ལུ་ཡོད་པའི་ བང་ལ་དེཤ་གི་ ནང་འདྲེན་འཐབ་མི་ ཚོང་པ་ཚུ་གིས་ གཞི་རྟེན་གོང་ཚད་དེ་ མཉམ་འབྲེལ་ཐོག་ལས་ བདེ་སྒྲིག་འབད་ནིའི་དོན་ལུ་ ཁོང་གི་ ཚོང་པ་ཆ་རོགས་ ད་ལྟོ་ འབྲུག་ལུ་མ་ལྷོད་པར་ཡོད་མི་ཚུ་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་གིས་འབད་བ་ཅིན་ རིན་གོང་དེ་ བདེ་སྒྲིག་འབད་བའི་ཤུལ་ལས་ ཉིནམ་༤ དེ་ཅིག་གི་ ནང་འཁོད་ལུ་ ཕྱིར་ཚོང་འཐབ་ནི་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་དང་འབྲེལ་ རྒྱ་གར་ལུ་ ཨེ་པཱལ་ཕྱིར་ཚོང་འཐབ་ནི་དེ་ཡང་ ཨིཌ་དུས་སྟོན་དང་འབྲེལ་ དུས་ཅི་ ཧ་སུ་སྦེ་ འགོ་བཙུགས་ཡོད་རུང་ ཨེ་པཱལ་ཚུ་ ལེགས་ཤོམ་སྦེ་མ་འཚོཔ་ལས་ ཚོང་འབྲེལ་གནས་སྟངས་ ཏན་ཏན་ཅིག་མེད་པར་ ཁྱད་པར་ཐོན་སྟེ་ཡོད་ཟེར་ཨིན་པས།
རྒྱ་གར་ལུ་ ད་ལྟོ་ཚུན་ ཨེ་པཱལ་ཕྱིར་ཚོང་འཐབ་མིའི་ནང་ ཨེ་པཱལ་སྒྲོམ་རེ་གིས་ གོང་ཚད་རུ་པི་༦༠༠ དང་༧༠༠ གི་བར་ན་ཐོབ་དོ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་ མར་འབབ་འགྱོ་ནི་འདུག་ཟེར་ཨིནམ་ད་ གལ་སྲིད་ ཨེ་པཱལ་གྱི་སྤུས་ཚད་ ལེགས་ཤོམ་ཡོད་པ་ཅིན་ སྒྲོམ་རེ་གིས་ རུ་པི་༨༠༠ དང་༡,༠༠༠ གི་བར་ན་ཡང་ ཐོབ་དོ་ཡོདཔ་ཨིན་པས།
ཀུན་བཟང་ཕྱིར་ཚོང་ལས་སྡེ་གི་ ཨར་ཀེ་ གུཔ་ཏ་གིས་ སླབ་མིའི་ནང་ ཨེ་པཱལ་དེ་ མེདཔ་ཐལ་ནི་མགྱོགས་པའི་ ཤིང་འབྲས་ཅིག་འབདཝ་ལས་ གོང་ཚད་གྱི་ གནས་སྟངས་དེ་བཟུམ་ འབྱུང་སྲིད་ནི་ཨིན་པའི་ཁར་ འཕྲལ་འཕྲལ་ཉིནམ་༡ ལུ་ ཨེ་པཱལ་སྒྲོམ་༡ ཡང་བཙོང་མ་ཚུགས་པའི་ དུས་སྐབས་ཡང་ ཤར་ནི་ཡོད་ཟེར་ཨིན་པས།
ན་ཧིང་ འབྲུག་གིས་ རྒྱ་གར་དང་ བང་ལ་དེཤ་ལུ་ བསྡོམས་ཀྱིས་ ཨེ་པཱལ་མེ་ཊིག་ཊཱོན་༣,༢༨༤ དེ་ཅིག་ ཕྱིར་ཚོང་འཐབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment