གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཅན་གཟན་སྟག་ འཕྱེལ་བཅུག་ནིའི་དོན་ལུ་ མི་སྡེ་ཚུ་གིས་ མཉམ་འབྲེལ་འབད་དགོཔ།

༣/༨/༢༠༡༢   ༉ འཛམ་གླིང་ནང་ རི་དྭགས་སེམས་ཅན་ཚུ་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་མི་དེ་ གྱངས་ཁ་ཡར་སེང་འགྱོ་དོ་ཡོདཔ་ལས་ མི་ལ་ལུ་ཅིག་གིས་ གཅན་གཟན་སྟག་ཚུ་ བསད་དོ་ཡོདཔ་མ་ཚད་ འཕྲལ་འཕྲལ་ བཟུང་ཐོག་ལས་ སེམས་ཅན་འགྲེམས་སྟོན་ཁང་ཚུ་ནང་ བཞག་ནིའི་ཐབས་ལམ་ཚུ་ བཏོན་དོ་ཡོདཔ་ཨིན་རུང་ ཀྲོང་གསར་རྫོང་ཁག་ ནུབ་སྦིས་རྒེད་འོག་ནང་འབད་བ་ཅིན་ ཉེན་སྲུང་གི་ཐབས་ལམ་ཚུ་ མ་འདྲཝ་སྦེ་ ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཀྲོང་གསར་རྡོ་གཞོང་དགོན་པ་ལུ་ གཅན་གཟན་སྟག་གི་བསད་མི་ ནོར་ཅིག།


འབྲུག་གི་ འཛམ་གླིང་རི་དྭགས་སེམས་ཅན་སྲུང་སྐྱོབ་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ རྒེད་འོག་ནང་ གཅན་གཟན་སྟག་ཚུ་ བསད་པ་ཅིན་ ནགས་ཚལ་ནང་སྡོད་མི་ སྟག་གཞན་ཚུ་ལུ་ འཇིགས་བསྐུལ་བྱུང་ནི་ཨིནམ་མ་ཚད་ མི་སྡེ་ལུ་ཡང་ ཉེན་ཁ་སྦོམ་སྦེ་ར་ འབྱུང་འོང་ཟེར་ སླབ་ཨིན་པས།
ནགས་ཚལ་གཙོ་འཛིན་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་ འབད་བ་ཅིན་ གཅན་གཟན་སྟག་ཚུ་གིས་ མི་སྡེ་ནང་ སྒོ་ནོར་སེམས་ཅན་ཚུ་ལུ་ ག་ཅི་སྦེ་ གནོད་པ་བཀལ་དོ་ཡོདཔ་ཨིན་ནའི་སྐོར་ལས་ ཧ་གོ་དགོཔ་གལ་ཆེ་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཡུས་སྒོ་ཚུ་ནང་ ཁྱིམ་ཚུ་ ཁ་སྟོར་ཏེ་ཡོདཔ་མ་ཚད་ སྒོ་ནོར་སེམས་ཅན་ཚུ་ རྩྭ་འབྲོག་ཚུ་ནང་ལས་ཕར་ བཏང་བཞག་ཆོག་པའི་ སྲིད་བྱུས་དང་འཁྲིལ་ གཅན་གཟན་སྟག་གིས་བསད་མི་ རི་དྭགས་སེམས་ཅན་ ཀ་ཤ་ལ་སོགས་པ་ཚུ་ བྱོག་འགྱོ་དོ་ཡོདཔ་ལས་ གཅན་གཟན་ཚུ་གིས་ འཇམ་ཏོང་ཏོ་འབད་ བསད་ཚུགས་པའི་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལཝ་མས་ཟེར་ཨིན་པས།
དེ་དང་འཁྲིལ་ ནུབ་སྦིས་རྒེད་འོག་ནང་འབད་བ་ཅིན་ གཅན་གཟན་སྟག་གིས་བསད་མི་ རི་དྭགས་སེམས་ཅན་ཚུ་གི་གྱངས་ཁ་ ཉུང་བའི་ཁར་ སྒོ་ནོར་སེམས་ཅན་གྱི་ གྱངས་ཁ་ཚུ་ མཐོ་དྲགས་སྦེ་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
བསོད་ནམས་དབང་ཕྱུག་གིས་འབད་བ་ཅིན་ དེ་བཟུམ་མའི་ གནས་སྟངས་ནང་ སྟག་ཚུ་གིས་ སྒོ་ནོར་སེམས་ཅན་ཚུ་མ་ཚད་  མི་ལུ་ཡང་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་ཡོདཔ་ལས་ གཡུས་མི་ཚུ་གིས་ སྡེ་ཚན་བཟོ་སྟེ་ འགྲོ་འགྲུལ་འབད་དགོཔ་ད་ དེ་མེན་པ་ སྐད་རྐྱབ་སྟེ་འགྱོ་བ་ཅིན་ གཅན་གཟན་སྟག་ཚུ་ལས་ ཉེན་སྐྱོབ་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ ནགས་ཚལ་གྱི་ཤིང་དང་ རྩྭ་ཚུ་ ལག་ལེན་འཐབ་ནི་དེ་ མར་ཕབ་རྐྱབ་ཐོག་ལས་ རང་སོའི་ས་ཞིང་ཚུ་ནང་ ལཱ་འབད་ནི་ལུ་ ཤུགས་བཏོན་དོགཔ་ ཨིན་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ས་གནས་ཚུ་ནང་ གོང་འཕེལ་གྱི་ལཱ་དང་ མི་རློབས་ཡར་སེང་ སོང་མི་ལུ་བརྟེན་ སྟག་ཚུ་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ཁ་ཐུག་ལུ་ གནས་སྤོ་འགྱོ་དོ་ཡོདཔ་སྦེ་ སླབ་ཨིན་པས།
དེ་འབད་ནི་དེ་གིས་ ནུབ་སྦིས་རྒེད་འོག་ནང་ སྟག་གི་གྱངས་ཁ་ ཡར་སེང་འགྱོ་མི་དེ་ གནད་དོན་འདི་ལུ་བརྟེན་ཏེ་ཨིན་ཟེར་ བསོད་ནམས་ཀྱིས་ སླབ་ཨིན་པས།
དེ་དང་འཁྲིལ་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ འཛམ་གླིང་སྟག་གི་ཉིནམ་ བརྩི་སྲུང་དང་འབྲེལ་ སྦྱིས་ཟམ་སློབ་གྲྭའི་ སློབ་ཕྲུག་དང་ ནུབ་སྦིས་རྒེད་འོག་གི་ མི་སེར་༣༥༠ དེ་ཅིག་གིས་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་གཅིག་ཁར་ ཉིནམ་བརྩི་སྲུང་ནང་ འབྲེལ་གཏོགས་ འབད་ཡོདཔ་ཨིན་པས།
དེ་བསྒང་ དྲགོས་དཔལ་འབྱོར་རྡོ་རྗེ་དེ་ སྐུ་མགྲོན་གཙོ་བོ་སྦེ་ འོང་ཡོདཔ་ད་ ཁོ་གིས་ གཡུས་མི་ཚུ་ལུ་ ད་ལྟོ་ཚུན་ གཞུང་གིས་ གཅན་གཟན་སྟག་ ཉེན་སྲུང་གི་དོན་ལུ་ ཟད་འགྲོ་ཚུ་ ག་དེམ་ཅིག་ར་ བཏང་ཡོད་རུང་ ད་ལས་ཕར་ མི་སྡེ་གིས་ མཉམ་འབྲེལ་ ལེགས་ཤོམ་སྦེ་ འབད་དགོ་ཟེར་ སླབ་ཡོདཔ་ཨིན་པས།
ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བཙན་སྐྱོགས་རྡོ་རྗེ་གིས་འབད་བ་ཅིན་ འཛམ་གླིང་ནང་ གཅན་གཟན་སྟག་ བསྡོམས་༣,༠༠༠ དེ་ཅིག་ལས་ མེདཔ་བཞིན་དུ་ དེའི་གྲས་ལས་༡༥༠ འབྲུག་ལུ་ཡོད་མི་དེ་ རྒྱལ་ཁབ་ལུ་ དཔའ་ཉམས་སྦོམ་ཅིག་ཨིན་རུང་ ད་ལས་ཕར་ སྟག་གི་གྱངས་ཁ་ ཡར་སེང་གཏང་ནིའི་དོན་ལུ་ མི་སྡེ་ཚུ་གིས་ མཉམ་འབྲེལ་ འབད་དགོཔ་ཨིན་ཟེར སླབ་ཨིན་པས།
དེ་དང་གཅིག་ཁར་ བཙན་སྐྱོགས་རྡོ་རྗེ་གིས་ སྤྱི་ལོ་༢༠༡༠ ལུ་ ཀྲོང་གསར་རྡོ་གཞོང་དགོན་པ་ལུ་ སྟག་གིས་ ཕོ་སྐྱེས་ཅིག་ བསད་མི་ལུ་ཡང་ སེམས་གསོ་འབད་ཡོདཔ་མ་ཚད་ ཚེ་འདས་ཀྱི་ གནས་ཚང་ལུ་ དངུལ་ཀྲམ་༣,༠༠༠ བྱིན་ཡོདཔ་ ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment