གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུའི་བྱ་རིམ་མངམ་ལུ་ མ་དངུལ་ཉུང་སུ་ཅིག་ལས་མེདཔ།

༡༣/༨/༢༠༡༢    སྤྱི་ལོ་༢༠༡༣ ལུ་ སྤྱི་ཚོགས་ཀྱི་ བཙག་འཐུའི་ཟད་འགྲོ་ མངམ་གནས་ནི་བཟུམ་ཡོད་རུང་ བཙག་འཐུའི་འཆར་དངུལ་ མར་ཕབ་འབད་ནུག།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ ཤུལ་མའི་སྤྱི་ཚོགས་ཀྱི་ བཙག་འཐུ་འགོ་འདྲེན་འཐབ་ནི་གི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༥༠༠ ལས་བརྒལ་ མི་འོང་ནི་ཨིན་པས།
དེ་ཡང་ ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ནང་ སྤྱི་ཚོགས་ཀྱི་ བཙག་འཐུ་ཐེངས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ ཟད་འགྲོ་བཏང་མི་ལས་ དངུལ་ཀྲམ་ས་ཡ་༣༠ དེ་ཅིག་ མར་ཕབ་འབད་ཡོདཔ་སྦེ་ རྩིས་ལོ་༢༠༡༢-༡༣ གྱི་ རྒྱལ་ཡོངས་འཆར་དངུལ་སྙན་ཞུའི་ནང་ གསལ་བཀོད་འབད་ནུག།



ད་ལྟོ་ འཆར་དངུལ་ནང་ དངུལ་ཀྲམ་ས་ཡ་༥༠༠ མཐའ་བཅད་ཀྱི་ མ་དངུལ་སྦེ་ བཞག་མི་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་ གྲོས་འཆར་བཙུགས་མི་ལས་ དངུལ་ཀྲམ་ས་ཡ་༡༨༣.༨ བཏོག་བཏང་ཡོདཔ་ད་ འགོ་ཐོག་སྐབས་ ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་དོན་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༦༨༣.༦ དགོཔ་སྦེ་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ ཁ་ཐུག་ལས་ མ་དངུལ་དེ་གི་སྐོར་ལས་ སླབ་མ་བཏུབ་ཨིན་རུང་ མ་དངུལ་བཏོག་དགོ་པའི་ འོས་འབབ་ཡོདཔ་ཨིན་ན་ ཡང་ཅིན་ འཆར་དངུལ་ས་ཡ་༥༠༠ གིས་ ལང་ཚུགས་མི་ཚུགས་ཀྱི་སྐོར་ལས་ ད་ལྟོ་ སླབ་མི་ཤེས་ནི་ཨིན་པས།
སང་ཕོད་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཚུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ ད་རེས་ནངས་པ་ སྲིད་ཚོགས་གཞི་བཙུགས་འབད་ནི་གི་ དང་འདོད་ཡོད་པའི་ གསལ་བསྒྲགས་འབད་མི་ སྡེ་ཚན་ལེ་ཤ་ཐོན་ཡོད་མི་ལུ་ལྟཝ་ད་ ལེ་ཤ་ཅིག་གིས་ར་ འགོ་ཐོག་བཙག་འཐུ་འབད་དགོཔ་ འཐོན་ནི་བཟུམ་ཅིག་འདུག་ཟེར་ བསམ་བཤད་འབད་དོ་ཡོདཔ་ད་ སྤྱི་ཚོགས་ཀྱི་ བཙག་འཐུ་དང་པའི་ནང་ སྲིད་ཚོགས་ཕུད་རྡོག་གཉིས་ལས་བརྒལ་མེད་ནི་དེ་གིས་ འགོ་ཐོག་བཙག་འཐུ་འབད་དགོཔ་ མ་ཐོན་ཟེར་ཨིན་པས།
དེ་འབདཝ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ སྲིད་དོན་དང་ འབྲེལ་གཏོགས་འབད་ནི་གི་ མནོ་འདོད་ཡོད་མི་ སྡེ་ཚན་ལ་ལུ་ཅིག་ ཧེ་མ་བཟུམ་སྦེ་ བར་ན་ལས་ རྒྱབ་བཤུད་རྐྱབ་འགྱོ་ནི་དང་ ད་ལྟོ་ཡོད་མི་ སྲིད་ཚོགས་༢ ཀྱི་ གནས་སྟངས་སྙན་ཞུ་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་ བསྐྱར་ཞིབ་འབད་ཞིནམ་ལས་རྐྱངམ་གཅིག་ ཤུལ་མའི་བཙག་འཐུའི་ནང་ འབྲེལ་གཏོགས་འབད་ཆོག་མི་ཆོག་གི་སྐོར་ལས་ ཧ་གོ་ཚུགས་ནི་ཨིནམ་ལས་ གཅིག་ལས་འབད་བ་ཅིན་ འགོ་ཐོག་བཙག་འཐུ་འབད་དགོཔ་ མི་འཐོན་ནི་འོང་ཟེར་ཨིན་པས།
ཨིན་རུང་ སྡེ་ཚན་༤ གིས་ བཙག་འཐུ་ལྷན་ཚོགས་ཀྱི་ ཐོ་བཀོད་བྱ་རིམ་ནང་ མཐར་འཁྱོལ་བྱུང་པ་ཅིན་དང་ གལ་སྲིད་ ད་ལྟོ་ཡོད་པའི་ སྲིད་ཚོགས་༢ ལས་༡ ཐོ་བཀོད་གྲུབ་མ་ཚུགས་རུང་ བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་ཚོགས་༣ འོང་ནི་ཨིནམ་ལས་ འགོ་ཐོག་བཙག་འཐུ་འབད་དགོཔ་ འཐོན་ནི་བཟུམ་མཐོངམ་མས།
སྲིད་ཚོགས་མངམ་ཐོནམ་ད་ར་ སྲིད་ཚོགས་ཀྱི་ འདེམས་ངོ་རེ་ལུ་ འདེམས་ཁོངས་རེའི་ བསྐུལ་བསྒྲགས་མ་དངུལ་ དངུལ་ཀྲམ་༡༠༠,༠༠༠ རེ་ སྤྲོད་དགོཔ་འཐོན་ནི་དང་ དེ་གུ་ རྒྱལ་ཡོངས་ཀྱི་ སྤྱིར་བཏང་བཙག་འཐུ་ འབད་དགོཔ་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ སྤྱིར་བཏང་བཙག་འཐུ་རྐྱངམ་གཅིག་ལུ་ར་ དངུལ་ཀྲམ་ས་ཡ་༡༡༤ དེ་ཅིག་ ཟད་འགྲོ་གནས་ཡོདཔ་ད་ འགོ་ཐོག་གི་ བཙག་འཐུའི་ནང་ དེ་བ་མངམ་སྦེ་ ཟད་འགྲོ་གནས་ནི་གི་ འོས་འབབ་ ཡོད་མི་དེ་ཡང་ དེ་ནང་འབྲེལ་གཏོགས་འབད་མི་ མངམ་ཡོད་པའི་ཁར་ ལྷན་ཚོགས་ཀྱིས་ པར་བྱང་དང་ བརྡ་བྱང་ བརྡ་བརྒྱུད་ཀྱི་ཚོང་བསྒྲགས་ ལ་སོགས་པ་ཚུ་ནང་ ཟད་འགྲོ་གཏང་དགོཔ་ ཡོད་མི་ལུ་བརྟེན་ཨིན་པས།
དེ་འབདཝ་ད་ ཤུལ་མའི་བཙག་འཐུའི་དོན་ལུ་ དཔེ་སྟོན་བཙག་འཐུ་འགོ་འདྲེན་འཐབ་དགོཔ་ མི་འཐོན་ནི་ཨིནམ་ལས་ ཟད་འགྲོ་ཐེབས་གཏང་དགོཔ་མེདཔ་ད་ བཙག་འཐུ་ཐེངས་དང་པའི་ནང་ མི་སེར་ཚུ་ གྲ་སྒྲིག་འབད་ནིའི་དོན་ལུ་ དཔེ་སྟོན་བཙག་འཐུ་ འགོ་འདྲེན་འཐབ་མིའི་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧༩ དེ་ཅིག་ གནས་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༣ ལུ་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་དགོཔ་ བྱུང་པ་ཅིན་ ཟད་འགྲོ་དེ་བ་མངམ་སྦེ་ གནས་ནི་གི་ འོས་འབབ་ཡོདཔ་ཨིན་པས།
དེ་དང་འདྲཝ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ཡང་ ཟད་འགྲོ་འབོར་ཆེ་ཏོག་ཏོ་གནས་ནི་ཨིན་པས།
ད་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཨེ་མི་རི་ཀ་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ཡང་ གོ་སྐབས་བྱིན་ནི་གི་ འཆར་གཞི་ཡོདཔ་བཞིན་དུ་ རགས་རྩིས་བཏོན་མི་དང་འཁྲིལཝ་ད་ འགྲེམ་ཐོག་ཚོགས་རྒྱན་ཚུ་ རྒྱལ་སྤྱི་འགྲེམ་ལས་ཞབས་ཏོག་ཐོག་སྐྱེལཝ་ད་ ཕར་ཚུར་གྱི་སྐྱེལ་གླ་ ཡུ་ཨེསི་ཌོ་ལར་༡༣༡ དེ་རེ་ གནས་ནི་ཨིནམ་ད་ དེ་བཟུམ་སྦེ་ ཕྱི་རྒྱལ་ལུ་ དཔེ་ཆ་ལྷབ་མི་ སློབ་ཕྲུག་ཚུ་ལུ་ཡང་ མཐུན་རྐྱེན་དེ་ བྱིན་དགོཔ་འོང་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment