གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨའི་ཅིག་གིས་ ཨ་ལུ་ཁ་ཕྲ་བ་འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ།

༦/༨/༢༠༡༢   ༉ མོང་སྒར་ཁྲོམ་ལས་ ཀི་ལོ་མི་ཊར་ཕྱེད་ དེ་ཅིག་གི་ས་གནས་ ལྕང་ཤིང་པེག་གཞུང་ལམ་གྱི་ལྟག་ལུ་ སྦ་སྒོར་ཅིག་གི་ཕྱི་ཁར་ ཉིནམ་ཨ་རྟག་ར་ སྤུན་ཆ་༢ ཐགཔ་བཏགས་བཞག་པའི་ སེམས་ཅན་བཟུམ་སྦེ་ ག་ཏེ་ཡང་མ་འགྱོ་བར་ ཉིམ་བསྲོ་སྡོད་སར་མཐོང་མི་ ཁོང་སྤུན་ཆ་༢ ལུ་ བཟའ་བའི་ཁ་ཡོད་རུང་ འགྱོ་བའི་རྐངམ་གི་ལྕོགས་གྲུབ་མེད་མི་ལུ་བརྟེན་ཨིན་པས།
སྤུན་ཆ་གླེན་མགོ་༢ ཉིམ་བསྲོ་སྡོད་པའི་བསྒང་།


སྐྱེས་ལོ་༡༩ ལང་མི་ གྲུབ་ཐོབ་བཀྲིས་དེ་ ཁོ་ར་སྐྱེས་བའི་བསྒང་ལས་ར་ ལམ་འགྱོ་མ་ཚུགས་མི་ཅིག་ཨིན་པས།
ད་རེས་ནངས་པ་ ལགཔ་གཡསཔ་རྐྱངམ་གཅིག་མ་གཏོགས་ འཁོད་སྨད་ཀྱིས་ ལཱ་འབད་ཚུགས་པའི་ལྕོགས་གྲུབ་མེདཔ་ལས་ ཨ་བུ་ས་ཁ་ལས་འདྲུད་དེ་ ཕྱི་ཁར་ཐོན་དགོ་པའི་ཁར་ ཁ་ཡང་ ལྕེ་ཁམས་དག་ཏོག་ཏོ་སྦེ་ བློ་སླབ་མི་ཚུགསཔ་ཨིན་པས།
ཁོ་གི་ནུམོ་ སྐྱེས་ལོ་༡༦ ལང་མི་ ཟླ་བ་སྒྲོལ་མ་དང་ཕྱདཔ་ད་ ཁོ་ར་ལྕོགས་གྲུབ་ཡོད་པའི་གྲངས་སུ་ཨིན་མི་དེ་ཡང་ ཁོ་ལུ་ ལྟོ་བཀྱེས་ཁ་སྐོམ་པའི་ དྲན་ཚོར་ཡོདཔ་མ་ཚད་ ཆབ་གསང་འབད་བར་ཡང་ ཨ་བུ་ས་ཁ་ལས་འདྲུད་དེ་འགྱོ་ཚུགས་མི་ཅིག་ཨིན་པས།
ནུམོ་དེ་ མོ་རའི་ཆབ་གསང་ལས་འགོ་བཟུང་ སྤུན་ཆ་དང་ ཨའི་གིས་ འཕྱགས་དགོ་མི་དེ་ཡང་ མོ་ལུ་དྲན་ཚོར་ཟེརཝ་རྩ་ལས་ར་མེད་ནི་དེ་གིས་ སྡུག་བསྔལ་ཚད་མེདཔ་ཅིག་མྱོང་སར་མཐོངམ་ཨིན་པས།
སྦ་སྒོར་དེ་ནང་ ནང་མི་བཟའ་ཚང་ཨ་ལུ་དང་ ཨའི་རྩིས་ཏེ་མི་༦ ཡོདཔ་ད་ ཁོང་གི་ཨ་པ་དེནི་ བྱ་སྤྱོད་ངན་པ་འབད་མི་ལུ་བརྟེན་ ད་ལྟོ་ མོང་སྒར་ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ད་ སྐྱེས་ལོ་༤༠ ལང་མི་ ཨ་ལུའི་ ཨའི་བཀྲིས་དཔལ་མོ་གིས་ མོ་ལུ་ བཟའ་རུང་བཅུད་མེད་ ཉལ་རུང་གཉིད་མེད་པར་ མོང་སྒར་ཁྲོམ་ཁ་ལས་ཕར་ ལཱ་ཕྱམ་ཕྱིམ་རེ་འབད་དེ་ ད་ལྟོ་ ཨ་ལུ་ཆུང་ཀུ་སྦེ་ཡོད་མི་ ཚུ་དང་ ལྷག་པར་དུ་ ལྕོགས་གྲུབ་མེད་མི་བུ་གཞི་༢ གསོ་དགོ་མི་ལུ་བརྟེན་ བཟོད་མ་ཚུགས་པའི་ དཀའ་སྡུག་མྱོང་ཏེ་འཚོ་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
ཁོང་སྤུན་ཆ་༥ གི་གྲས་ལས་ བུམོ་སྦོམ་ཤོས་དེ་ སློབ་རིམ་༡༠ པའི་ནང་སློབ་སྦྱོང་འབད་དོ་ཡོདཔ་ད་ བར་མ་༢ དེ་ གླེན་མགོ་དང་ ཆུང་ཤོས་༢ ད་ལྟོ་ སློབ་རིམ་༤ པ་དང་༡ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ལས་ ཟད་འགྲོའི་དཀའ་ངལ་གྱིས་མ་ཚད་ འཚོ་སྐྱོང་འཐབ་ནི་ལུ་ཡང་ དོ་འགྲན་སྦོམ་བྱུང་དོ་ཡོདཔ་ཨིན་པས།
ཨིན་རུང་ ཏཱ་ར་ཡ་ན་གཞུང་མིན་ལས་སྡེ་ལས་ ཟླ་རིམ་བཞིན་དུ་ ཨ་ལུ་༢ ལུ་ དངུལ་ཀྲམ་༨༠༠ ཐོབ་དོ་ཡོདཔ་ད་ དེ་གུ་ མོ་ར་གིས་ འཐབ་ཤེས་བཏོན་དོ་ཡོད་རུང་ དངུལ་ཁང་ནང་སྐྱིན་འགྲུལ་བཏབ་ནི་ཡོད་མི་གིས་ དཀའ་ངལ་གྱི་ལྷན་ཐབས་ཅིག་ཨིན་མས་ཟེར་ མོ་གིས་བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ འདི་བཟུམ་གྱི་བྱ་བ་ལུ་ཐུག་མི་དེ་ ཚེ་སྔོན་གྱི་ལས་དབང་ ཤུགས་ཆེ་ནི་དེ་གིས་ཨིན་རུང་ མོ་རའི་ཨ་ལུ་ཚུ་ལུ་ ཤེས་ཡོན་ཅིག་སྤྲོད་ཚུགས་པ་ཅིན་ ལཱ་གཡོག་ཅིག་འཐོབ་སྟེ་ དཀའ་ངལ་བསལ་ཚུགས་པའི་རེ་བ་སྦོམ་བསྐྱེད་དོ་ཟེར་ཨིན་པས།
མོ་རའི་ཨའི་དེ་ མོང་སྒར་དགྲ་མེད་རྩེ་ན་རང་ལས་དང་ ཨ་པ་བཀྲིས་སྒང་ལས་ཨིནམ་ད་ ད་ལྟོ་ སྦ་སྒོར་ཅིག་རྐྱབ་ཡོད་པའི་ ས་ཞིང་ཆུང་ཀུ་ཅིགཔ་དེ་ ཨ་པ་ ལས་འཛིན་ཅིག་ནང་ལཱ་འབད་དེ་ ཤུལ་ལས་དགོངས་ཞུ་འབད་བའི་སྐབས་ལུ་ཉོ་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ སྦ་སྒོར་ནང་སྡོད་དེ་ལོ་༧ དེ་ཅིག་སོང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment