གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱིད་བདེ་མཁར་བཤད་གྲྭའི་ ལྷ་ཁང་གསར་པའི་ སྐུ་རྟེན་ཚུ་ལུ་ ནང་གཟུངས་ཕུལ་ཡོདཔ།

༤/༨/༢༠༡༢   ༉ ད་ལྟོ་ཚུན་ མོང་སྒར་སྐྱིད་བདེ་མཁར་བཤད་གྲྭའི་ ལྷ་ཁང་དེ་ ཕྱིའི་བཀོད་པ་ཚུ་ བསྒྲུབས་ཚར་ཡོད་རུང་ ནང་རྟེན་ཚུ་ ད་རེས་ནངས་པ་ བཞེངས་པའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢ ལུ་ ལྷ་ཁང་གི་ ཐོག་ཚད་དང་པའི་ནང་ སྐུ་རྟེན་གཙོ་བོ་ རྒྱལ་བ་ཤཱཀྱ་ཐུབ་པ་དང་ གཡས་ཕྱོགས་ལུ་ གུ་རུ་རིན་པོ་ཆེ་ དེ་ལས་ གཡོན་ཕྱོགས་ལུ་ ཞབས་དྲུང་རིན་པོ་ཆེ་ བཞུགས་སུ་གསོལ་ཡོད་པའི་ སྨན་སྐུ་ཚུ་ལུ་ སྐྱིད་བདེ་མཁར་བཤད་གྲྭའི་དབུ་འཛིན་ ངག་དབང་བསྟན་འཛིན་གྱིས་ སེང་ཁྲིའི་ ནང་གཟུངས་ཚུ་ཕུལ་ཡི།

སྐྱིད་བདེ་མཁར་བཤད་གྲྭའི་དབུ་འཛིན་ ངག་དབང་བསྟན་འཛིན་གྱིས་ སེང་ཁྲིའི་ ནང་གཟུངས་ཕུལ་བའི་བསྒང་།


སེང་ཁྲིའི་ནང་ དེ་བཟུམ་གྱི་ ནང་རྟེན་ཚུ་ཡང་ འོག་ལུ་ འཇིག་རྟེན་སོ་ནམ་པའི་ ལག་ཆས་ཚུ་ ཕུལ་བའི་ཁར་ བར་ནང་ ས་བཅུད་བུམ་གཏེར་དང་ ཀླུ་བུམ་ རིལ་བུ་ ཤིང་ དེ་ལས་ ས་ཆུ་ལ་སོགས་པའི་རིགས་སྣ་དང་ སྨན་སྣ་ དེ་ལས སྟེང་ལུ་ བསྐལ་པའི་མེ་དང་ རིན་ཆེན་རྫས་བརྒྱད་ བཀྲིས་རྟགས་བརྒྱད་ རྒྱལ་སྲས་སྣ་བདུན་ གཡང་བུམ་ལ་སོགས་པའི་ རིན་པོ་ཆེ་ཚུ་ ཕུལ་ཡོདཔ་ཨིན་པས།
དེ་བཟུམ་གྱི་ བྱིན་ཅན་ཅ་ཆས་ཚུ་ ནང་གཟུངས་སྦེ་ ཕུལ་དགོ་མི་དེ་ཡང་ འཇིག་རྟེན་གྱི་ཁམས་འདི་དང་ ནད་མུག་འཁྲུག་རྩོད་སོགས་ ག་ནི་ཡང་མེད་པར་ བཀྲིས་ཕུན་སུམ་ཚོགས་ནི་ལུ་ཨིནམ་ད་ ད་རེས་ནངས་པ་ ལྷ་ཁང་དེ་གི་ ནང་རྟེན་ཚུ་ཡང་ ཧ་ལམ་བརྒྱ་ཆ་ལས་༧༠ དེ་ཅིག་ བསྒྲུབས་ཚར་ཡོདཔ་ལས་ ཕྱི་ནང་མེད་པར་ ད་རུང་ ལོ་༡ དེ་ཅིག་ནང་ བསྒྲུབ་ཚུགས་པའི་རེ་བ་ཡོད་ཟེར་ དབུ་འཛིན་གྱིས་ བཤདཔ་ཨིན་པས།
ནང་རྟེན་གཙོ་བོ་ཚུ་ལུ་ གཟུངས་ཕུལ་བའི་བསྒང་ ཐུགས་སྨོན་གནང་པར་ མོང་སྒར་རྫོང་བདག་གིས་གཙོས་པའི་ ལས་ཁུངས་ཁག་གི་འགོ་དཔོན་དང་ དད་མོས་ཅན་གྱི་ མོང་སྒར་ཁྲོམ་གྱི་ ཚོང་པ་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ད་ དེ་བསྒང་ མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ གློག་རིག་ཀམ་པུས་ཊར་གྱི་ ཁང་མིག་ཅིག་ཡང་ སྒོ་འབྱེད་འབད་ཡོདཔ་ལས་ ད་ལས་ཕར་ བཤད་གྲྭའི་དགེ་སློང་ཚུ་ལུ་ ཕན་སྦོམ་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
བཤད་གྲྭའི་སློབ་དཔོན་ བསོད་ནམས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ བཤད་གྲྭའི་ དགེ་སློང་ཚུ་ལུ་ གློག་རིག་ཀམ་པུས་ཊར་གྱི་ མཐུན་རྐྱེན་མེདཔ་ལས་ སྟབས་མ་བདེཝ་ཡོདཔ་ཨིན་རུང་ ད་རེས་ སྤྱི་ཕན་རིག་འཕེལ་གྱིས་ རྒྱབ་སྐྱོར་ཐོག་ལས་ ཀམ་པུས་ཊར་༥ གནང་མི་དེ་གིས་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།
དགེ་སློང་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པ་ དུས་ཀྱི་འཕོ་འགྱུར་དང་བསྟུན་ གློག་རིག་ཀམ་པུས་ཊར་ ཤེས་དགོཔ་དེ་ ཁག་ཆེཝ་མ་ཚད་ ཡིག་ཆ་དང་ དཔེ་ཆ་གལ་ཅན་ཚུ་ ཉེན་སྐྱོབ་འབད་ཚུགས་པས་ཟེར་ཨིན་པས།
དཔེ་ཆ་ཚུ་ ཧེ་མ་བཟུམ་སྦེ་ ལཱ་ཁག་རྐྱབ་སྟེ་ ལགཔ་གིས་འབྲི་མ་དགོ་པར་ གློག་རིག་ཀམ་པུས་ཊར་ནང་ བཙུགས་བཞག་ཚུགས་པ་ཅིན་ མེ་དང་ཆུའི་ འཇིགས་པ་ཚུ་ལས་ཡང་ ཉེན་སྲུང་འབད་ཚུགས་པས་ཟེར་ དགེ་སློང་དེ་གིས་ སླབ་ཨིན་པས།
སྐྱིད་བདེ་མཁར་བཤད་གྲྭ་ནང་ལས་ འཛིན་རིམ་༤ པ་མཇུག་བསྡུ་མི་ཚུ་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་དང་ བཀང་ལུང་ནང་པའི་མཐོ་རིམ་སློབ་གྲྭ་ དེ་ལས་ སྤ་རོ་གསང་སྔགས་ཆོས་འཁོར་བཤད་གྲྭ་ཚུ་ནང་ མཐོ་རིམ་སློབ་སྦྱོང་འབད་བར་ གཏང་དོ་ཡོདཔ་ཨིན་པས།
སྐྱིད་བདེ་མཁར་བཤད་གྲྭའི་ དབུ་འཛིན་དང་ སློབ་དཔོན་༤ དེ་ལས་ དགེ་སློང་ཞལ་གྲངས་༨༠ ལྷགཔ་ཅིག་གིས་ རང་ཟླ་༦ པའི་ཚེས་༡༥ ལས་ ཟླཝ་ཕྱེད་དང་༢ ཀྱི་རིང་ དབྱར་གནས་བསྲུང་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment