གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞིང་ལམ་གྱི་ གནས་སྟངས་ལུ་བརྟེན་ སློབ་གྲྭའི་ལྟོ་རྒྱགས་ལུ་ ཐོ་ཕོག་ཉེན་ཡོདཔ།

༤/༨/༢༠༡༢   ༉ ད་རེས་ནངས་པ་ གནམ་བྱཱ་གྱི་ ཆར་ཆུ་ལུ་བརྟེན་ རྒྱལ་ཁབ་ནང་འཁོད་ལུ་ འཁོར་ལམ་གྱི་ གནས་སྟངས་ སྐྱོ་དྲགས་ཅིག་ལུ་ གྱུར་ཡོདཔ་མ་ཚད་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཟུར་ལམ་དང་ ཞིང་ལམ་ཚུ་ཡང་ཆད་དེ་ སྣུམ་འཁོར་ཚུ་ རྒྱུན་འབྲེལ་འཐབ་མ་ཚུགས་པར་ ཡོདཔ་ཨིན་པས།
ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་ ཉིན་ལྟོ་བཟེད་འབག་འགྱོ་བའི་བསྒང་།


དེ་བཟུམ་མའི་ དཀའ་ངལ་བྱུང་མི་༡ བསམ་གྲུབ་ལྗོངས་མཁར་ ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མ་དེ་ཨིནམ་ད་ དེ་ཡང་ གཞུང་ལམ་ལས་ སློབ་གྲྭ་ཚུན་ཚོད་ ཀི་ལོ་མི་ཊར་༡༢ འབད་མི་ ཞིང་ལམ་དེ་ འདམ་ཁོག་ཁོ་དང་ འགྱེལ་ཏ་རྐྱབ་སི་སི་སྦེ་ ཐལ་ཡོད་ནི་དེ་གིས་ཨིན་པས།
དེ་ལས་བརྟེན་ སྣུམ་འཁོར་ཚུ་འགྲོ་འགྲུལ་ འབད་མི་ཚུགས་དོ་ཡོདཔ་ལས་ སློབ་གྲྭའི་བཟའ་འཐུང་གི་རིགས་ཚུ་ མགྱོགས་པ་ར་ རྫོགས་ནི་མས་ཟེར་ སློབ་དཔོན་ཚུ་ ཚ་གྱང་ལང་སྡོད་ནུག།
ཨོ་རོང་སློབ་གྲྭའི་ བཟའ་སྤྱོད་ཁང་གི་ འགན་འཛིན་པ་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ཀྱི་ ཟླཝ་འདི་གི་དོན་ལུ་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ ལྟོ་རྒྱགས་ ཕྱེད་ཀ་མ་ལངམ་ཅིག་ ལྷོད་མི་དེ་ ལྷག་ལུས་མ་ལྷོདཔ་ལས་ར་ རྫོགས་ནི་གི་ ཚ་གྱང་ཡོད་ཟེར་ཨིནམ་ད་ ད་ལྟོ་ མཛོད་ཁང་ནང་ ཆུམ་ཕད་ཙེ་༥༠ དེ་ཅིག་དང་ ཀེ་བ་ཀེ་ཇི་༨༠༠ དེ་ཅིག་ཡོད་མི་ཚུ་གིས་ ཉིན་གྲངས་༡༠ དེ་ཅིག་ཡང་ ལང་མི་ཚུགས་ནི་ཨིན་པས།
སློབ་གྲྭ་གིས་ ཟླཝ་རེ་ལུ་ ཆུམ་ཕད་ཙེ་༡༥༠ དང་ ཀེ་བ་ཀེ་ཇི་༣༠༠༠ དེ་རེ་ ལག་ལེན་འཐབ་དོ་ཡོདཔ་ད་ སློབ་ཕྲུག་ཚུ་ལུ་ ཟས་བཅུད་ཀྱི་ ལྷན་ཐབས་སྦེ་བྱིན་མི་ སྒོང་རྡོག་དང་ ནིའུ་ཊེ་ལ་ བྱི་སྲན་ཅཱ་ན་ཚུ་ཡང་ རྫོགས་ནི་འབད་དོ་ཡོདཔ་ཨིན་པས།
ལྟོ་རྒྱགས་བཀྲམ་སྤེལ་བ་དེ་གིས་ ག་དེ་སྦེ་ བཀྲམ་སྤེལ་འབད་ཚུགས་འོང་ག་མནོ་བའི་ ཚ་གྱང་ཡོད་ཟེར་ ཀུན་ལེགས་དབང་ཕྱུག་གིས་ བཤད་པའི་ཁར་ དུས་ཚོད་ཁར་ མཁོ་སྤྲོད་འབད་མ་ཚུགས་པ་ཅིན་ ཨ་ལུ་ཚུ་ ལྟོགསཔ་ལུས་ནི་གི་ ཉེན་ཁ་ཡོད་ཟེར་ སླབ་ཨིན་པས།
སློབ་གྲྭ་གིས་ ཟླ་རིམ་བཞིན་དུ་ ཚེས་༢༥ ལུ་ ལྟོ་རྒྱགས་ཚུ་ མཁོ་མངགས་འབད་དོ་ཡོདཔ་ལས་ ཚེས་༢༩ ལུ་ ཐོབ་དོ་ཡོདཔ་ད་ སློབ་གྲྭའི་དབུ་འཛིན་ ཉི་མ་དབང་ཕྱུག་གིས་ འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་གྱི་ ཟས་བཅུད་མཁས་མཆོག་ཅིག་གིས་ བཞེས་སྒོའི་ཐོ་ཡིག་བཟོ་མི་དང་འཁྲིལ་ ད་རེས་ཀྱི་ ཟླཝ་ནང་ལས་ འགོ་བཙུག་དགོཔ་ཨིན་རུང་ ལྟོ་རྒྱགས་ཚུ་ དུས་ཚོད་ཁར་ ཐོབ་མི་ཚུགས་ནི་བཟུམ་ཡོདཔ་ལས་ ག་ཅི་ཡང་ འབད་མ་ཤེས་པར་ མགུ་འཐོམ་ཡོད་ཟེར་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ ཞིང་ལམ་དེ་ནང་ སྣུམ་འཁོར་ཐལ་དོ་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ལས་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་པའི་ཁར་ རྒྱུན་སྐྱོང་གི་ ལཱ་འགོ་བཙུགས་མི་དེ་གིས་ ལྷག་པར་དུ་ གནས་སྟངས་སྐྱོ་དྲགས་ བཟོ་ད་ཡི་ཟེར་ཨིན་པས།
ཨོ་རོང་སློབ་གྲྭའི་ ལྟོ་རྒྱགས་བཀྲམ་སྤེལ་བ་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ གསལ་སྒྲོན་བཟའ་ཆས་ཚོང་ཁང་གི་ཇོ་བདག་ ཨམ་གསལ་སྒྲོན་གྱིས་ སླབ་མིའི་ནང་ ལམ་གྱི་གནས་སྟངས་ལེགས་ཤོམ་མ་བཟོ་ཚུན་ཚོད་ མ་སྒུག་པར་ བྱ་ཐབས་གཞན་ ག་ནི་ཡང་མེད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁོང་གིས་ སྐྱེལ་འདྲེན་གྱི་ གླ་འཐུས་དེ་ ཨ་རྟག་དང་ཕྱདཔ་ད་ མངམ་སྤྲོད་ནི་ཟེར་སླབ་ཡོད་རུང་ དེད་གཡོགཔ་ག་གིས་ཡང་ ཨོ་རོང་གི་ ཞིང་ལམ་ལུ་བལྟ་སྟེ་ འགྱོ་མི་བཏུབ་པས་ཟེར་ཨིན་པས།
ཨོ་རོང་རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཀི་ལོ་མི་ཊར་༡༢ འབད་མི་ ཞིང་ལམ་དེ་ རྒྱུན་སྐྱོང་འབད་བའི་བསྒང་ཡོད་མི་ལུ་བརྟེན་ ས་ཚུ་ འདམ་ཁོག་ཁོ་ཐལ་སོ་ནུག་ཟེར་ཨིན་མ་ད་ རྒྱུན་སྐྱོང་གི་ལཱ་དེ་ ཟླཝ་༢ ཀྱི་ཧེ་མར་ འགོ་བཙུགས་ཡོདཔ་ཨིན་རུང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ གནས་སྐབས་ཅིག་ ལཱ་མཚམས་འཇོག་སྦེ་ བཞག་ནུག་ཟེར་ ཨོ་རོང་རྒཔོ་ ཁའུ་རྗེ་གིས་ སླབ་མ་ཚད་ ལཱ་དེ་ ཆར་ཆུའི་དུས་ཚོད་ མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ ལོག་འགོ་བཙུག་ནི་སྦེ་ ཁག་འབགཔ་གིས་ སླབ་མས་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment