གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་མཚམས་གསུང་གྲོས་ ལེགས་ཤོམ་བྱུང་ཡོདཔ།

༡༡/༨/༢༠༡༢   ཨིན་རུང་ མངོན་གསལ་ཆེ་བའི་ གྲོས་བཅུད་ཅིག་ བཏོན་མ་ཚུགསཔ་ལས་ ཧེ་བཟུམ་སྦེ་ར་ལུས་ནུག།

༉ ཁ་ཙ་ འབྲུག་གཞུང་དང་ རྒྱ་ནག་གི་བར་ན་ ས་མཚམས་གསུང་གྲོས་ཐེངས་༢༠ པ་གནང་མི་དེ་ འདས་པའི་གསུང་གྲོས་ཚུ་ནང་བཟུམ་སྦེ་ར་ རྒྱལ་ཁབ་གཉིས་ཀྱི་བར་ན་ ས་མཚམས་དང་འབྲེལ་བའི་ རྩོད་རྙོགས་ཀྱི་ གྲོས་བཅུད་ཅིག་ བཏོན་མ་ཚུགས་པས།


ཨིན་རུང་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ གསུང་གྲོས་ནང་ འབྲེལ་གཏོགས་འབད་མི་ རྒྱལ་ཁབ་གཉིས་ཆ་རའི་ འཐུས་མི་ཚུ་གིས་ གསུང་གྲོས་ཚུ་ ལེགས་ཤོས་སོང་མི་ལུ་ ངལ་རངས་བྱུང་ཡོདཔ་སྦེ་ བཤད་པའི་ཁར་ ས་མཚམས་ཀྱི་ རྩོད་རྙོགས་ཚུ་ གང་མགྱོགས་སྦེ་ བསལ་ཐབས་འབད་ནི་གི་ ཁས་ལེན་ཡང་བསྐྱར་འབད་ཡི་ཟེར་བཀོད་ནུག།
ས་མཚམས་ཀྱི་ གསུང་གྲོས་ཚུ་ མཛའ་བཤེས་དང་ མཐུན་འབྲེལ་གྱི་སྒོ་ལས་ གནང་ཡོདཔ་བཞིན་དུ་ དེ་གིས་ རྒྱལ་ཁམ་གཉིས་ཆ་ར་ལུ་ གཅིག་གིས་གཅིག་གི་ གནས་སྟངས་ལེགས་ཤོམ་སྦེ་ ཧ་གོ་ནི་ལུ་ གོ་སྐབས་བྱིན་ནི་དང་ ས་མཚམས་དང་འབྲེལ་བའི་ གནད་དོན་ཚུ་ མྱུར་མགྱོགས་དང་ ཚུལ་མཐུན་ཐོག་ བསལ་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ད་རུང་ ཁྱིམ་མཚེས་རྒྱལ་ཁབ་༢ ཀྱིས་ ཕན་ཚུན་ལུ་ཕན་པའི་ གནད་དོན་དང་མཉམ་འབྲེལ་ དེ་ལས་ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་༢༠༡༣-༢༠༡༤ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཉེན་སྲུང་ལྷན་ཚོགས་ནང་ གཏན་འཇགས་མིན་པའི་ འཐུས་མི་གྲངས་སུ་ འཛུལ་ནི་གི་ ཐུགས་འདོད་ཡོད་མིའི་སྐོར་ལས་ཡང་ བསམ་འཆར་ཚུ་ བརྗེ་སོར་འབད་ཡོདཔ་ད་ གཏན་འཇགས་མིན་པའི་ འཐུས་མི་སྦེ་ འཛུལ་ཞུགས་ཀྱི་ བཙག་འཐུ་དེ་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་པས།
ས་མཚམས་གསུང་གྲོས་ཐེངས་༢༠ པ་དེ་ སྤྱི་ལོ་༢༠༡༠ ཟླཝ་༡ པའི་ཚེས་༡༣ ལུ་ རྒྱལ་ས་ལྟེ་བ་ལུ་གནང་སྟེ་ ལོ་ངོ་༢ ལྷགཔ་ཅིག་གི་ཤུལ་ལས་ གནངམ་ཨིན་པས།
གསུང་གྲོས་ཐེངས་༡༩ པའི་ནང་ རྒྱལ་ཁབ་༢ ཀྱི་ འཐུས་མི་ཚུ་གིས་ ཁུངས་གཏུགས་ཀྱི་ ས་གོ་ཚུ་ ངོས་འཛིན་ཐོག་ རྩོད་རྙོགས་ཅན་གྱི་ས་མཚམས་ དོག་ལམ་དང་ ཕྱ་རི་ཐང་ སིན་ཅུ་ལུངམ་པ་ དྲ་མ་ན་༤ གི་མིང་ཚུ་ གཏན་འཁེལ་བཟོ་ནིའི་དོན་ལུ་ མཉམ་འབྲེལ་ས་མཚམས་བརྟག་ཞིབ་ཅིག་ འབད་ནི་སྦེ་ གྲོས་ཐག་བཅད་ནུག།
སྤྱི་ལོ་༢༠༠༦ ལུ་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་ལུ་ གསུང་གྲོས་ཐེངས་༡༨ པ་གནངམ་ད་ ས་མཚམས་ཀྱི་ གནད་དོན་ཚུ་ རྩོད་རྙོགས་ཅན་གྱི་ ས་མཚམས་ཐོབ་བརྗོད་བཀོད་མི་ཚུ་གི་ ས་ཁྲ་བཟོ་ནི་ཨིན་མི་ ཁྱད་རིག་གནས་རིམ་ནང་ གསུང་གྲོས་གནང་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ལས་ གསུང་གྲོས་ཐེངས་༡༩ པའི་ནང་ གྲོས་ཆོད་དེ་ལུ་ གཞི་བཟུང་སྟེ་ གསུང་གྲོས་གནང་ཡོདཔ་ཨིན་པས།
ས་མཚམས་ཀྱི་ གསུང་གྲོས་ཚུ་ག་ར་ རྒྱ་ནག་དང་ འབྲུག་གི་ས་མཚམས་བདའ་སྟེ་ ཞི་བདེ་དང་ སྐྱིད་ཧིང་རྒྱུན་སྐྱོང་འབད་ནི་གི་ ཁས་ལེན་འབད་མི་ སྤྱི་ལོ་༡༩༨༨ དང་ སྤྱི་ལོ་༡༩༩༨ ལོའི་ གན་ཡིག་གི་ ལམ་སྟོན་གཞི་རྩ་༤ ལུ་ གཞི་བཞག་སྟེ་ གསུང་གྲོས་གནང་ཡོདཔ་ཨིན་པས།
གན་ཡིག་དེ་ དམིགས་བསལ་ཅན་ཅིག་ཨིན་མི་དེ་ཡང་ རྒྱ་ནག་གིས་ འབྲུག་གི་ས་ཁོངས་གཅིག་སྒྲིལ་དང་ རང་དབང་ལུ་ བརྩི་མཐོང་བསྐྱེདཔ་ཨིན་ཟེར་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment