གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་སྐྱེངས་མཁར་ལུ་ ཀེ་བའི་ཚོང་སྒྱུར་རན་ཡོདཔ།

༩/༨/༢༠༡༢   ༉ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་ སྟོང་ལ་དགོན་པའི་མི་སེར་ཚུ་གིས་ ཧེ་མ་འབད་བ་ཅིན་ སོ་ནམ་ཐོན་སྐྱེད་ ཀེ་བ་ཚུ་ ག་དེ་ཅིག་ལེགས་རུང་ འཁོར་ལམ་མེད་མི་ལུ་བརྟེན་ ཚོང་འབྲེལ་འཐབ་མ་ཚུགས་ནི་དེ་གིས་ གཡུས་མི་ཚུ་གིས་ ནོར་སེམས་ཅན་ཚུ་ལུ་ བཙོ་བྱིན་དོ་ཡོད་པའི་དྲན་ཚོར་ བྱུངམ་ཨིན་པས།
སྟོང་ལ་དགོན་པའི་སོ་ནམ་ཞིང་མི་ཅིག་གིས་ ཀེ་བ་བསལ་བའི་བསྒང་།


ཨིན་རུང་ འདས་པའི་ལོ་༢ དེ་ཅིག་ལས་འགོ་བཙུགས་ མི་སེར་སོ་ནམ་པ་ཚུ་གིས་ ཧེ་མ་བཟུམ་སྦེ་ སྣང་དག་མ་སྐྱེད་པར་ ནོར་སེམས་ཅན་ཚུ་ལུ་ བྱིན་ནི་མེད་མི་དེ་ཡང་ ད་རེས་ནངས་པ་ ལོ་ཐོག་ཀེ་བ་ལུ་བརྟེན་ གཡུས་མི་ཚུ་གིས་ དངུལ་གྱི་འོང་འབབ་སྦོམ་ བཟོ་ཚུགས་དོ་ཡོདཔ་ལས་ ཀེ་བ་ཚུ་ སྣུམ་འཁོར་ཊག་དང་ ཌི་སི་ཨེམ་ དེ་ལས་ བཱོ་ལེ་རོ་ཚུ་ནང་བཙུགས་ཏེ་ བསམ་གྲུབ་ལྗོངས་མཁར་ལུ་ འབག་འགྱོ་དོ་ཡོདཔ་མ་ཚད་ གཡུས་སྒོ་བདའ་སྟེ་ ཀེ་བ་ཉོ་མི་རེ་༢ ལྷོད་རུང་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠ ལས་ ཕབ་ནི་མེདཔ་ཨིན་པས།
སྟོང་ལ་དགོན་པ་ལས་ སྐྱེས་ལོ་༣༤ ལང་མི་ རིག་འཛིན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གཡུས་ཚན་དེ་ནང་ ཀེ་བའི་ཐོན་སྐྱེད་ག་དེ་ཅིག་ལེགས་ཤོམ་ཡོད་རུང་ སྒོ་ནོར་སེམས་ཅན་ལུ་ བཙོ་བྱིན་ནི་དང་ ཆང་བཙོ་ནི་ཚུ་མ་གཏོགས་ ད་རེས་ནངས་པ་བཟུམ་སྦེ་ དངུལ་གྱི་འོང་འབབ་ བཟོ་ནི་མེད་མི་དེ་ཡང་ ཚོང་འབྲེལ་འཐབ་སའི་ས་ཁོངས་ ཉེ་འདབས་ལུ་མེདཔ་མ་ཚད་ རང་གིས་སྒལ་ཏོ་ཁ་འབག་སྟེ་ ཉིན་གྲངས་ལས་བཅད་དེ་ བཙོང་པར་འགྱོ་དགོ་མི་ལུ་བརྟེན་ཨིན་རུང་ འདས་པའི་ལོ་ དག་པ་ཅིག་ལས་ གཡུས་ཚན་དེ་ནང་ འཁོར་ལམ་ལྷོད་ཚུགས་ནི་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
མོ་གིས་ ན་ཧིང་ལས་ འཁོར་ལམ་གྱི་ཁེ་ཕན་ལུ་དམིགས་ཏེ་ ཞིང་གླང་དོ་༦ ལྷགཔ་ཅིག་ནང་ གེ་ཟ་དང་གཅིག་ཁར་ ཀེ་བ་འཛུགས་སྐྱོང་འབད་དེ་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཀེ་ཇི་༨༠༠༠ དེ་ཅིག་བཙོང་ཚུགས་མི་དེ་གིས་ དངུལ་གྱི་འོང་འབབ་དངུལ་ཀྲམ་༦༠,༠༠༠ དེ་ཅིག་ ཐོབ་ཚུགས་ཅི་ཟེར་ཨིནམ་ད་ དུས་ཅི་ཡང་ ཀེ་བ་ཀེ་ཇི་༣,༦༥༠ དེ་ཅིག་ བསམ་གྲུབ་ལྗོངས་མཁར་ལུ་ བཙོང་པར་འབག་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་༤༠,༠༠༠ དེ་ཅིག་ འཐོབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ཨིན་རུང་ མོ་གིས་སླབ་མིའི་ནང་ དུས་ཅི་ ཆརཔ་མང་སུ་རྐྱབ་ནི་དེ་གིས་ ཀེ་བ་ཚུ་ འབུབ་མ་བཏགས་རུང་ ཀེ་ཇི་༥༠ རེ་འབད་མི་ ཕད་ཙེ་༢༥ དེ་ཅིག་ རུལ་སོ་ཡི་ཟེར་ཨིན་པས།
གཡུས་ཚན་དེ་ནང་ ཀེ་བའི་ཐོན་སྐྱེད་ ལེགས་ཤོམ་ཡོདཔ་ལས་ མ་འོངས་པའི་ལོ་ཚུ་ནང་འབད་རུང་ དངུལ་གྱི་འོང་འབབ་བཟོ་ཐབས་ལུ་ ལཱ་རྩ་འགེངས་འབད་ནི་ཟེར་སླབ་ཨིན་པས།
དེ་བཟུམ་སྦེ་ སྤོ་གོ་ལ་གཡུས་ཚན་ལས་ སྐྱེས་ལོ་༢༧ ལང་མི་ ཐུགས་རྟེན་འཕྲིན་ལས་ཀྱིས་ཡང་ ལོ་བསྟར་བཞིན་དུ་ གླང་དོ་༤ ལྷགཔ་ཅིག་ནང་ གེ་ཟ་དང་གཅིག་ཁར་ ཀེ་བ་འཛུགས་སྐྱོང་འབད་ནི་ཡོདཔ་ལས་ ན་ཧིང་ ཀེ་ཇི་༢,༥༠༠ དེ་ཅིག་བཙོང་ཡོད་རུང་ དུས་ཅི་ ཀེ་ཇི་༢,༠༠༠ དེ་ཅིག་ལས་ བཙོང་མ་ཚུགས་ཟེར་ཨིནམ་ད་ ཐོན་སྐྱེད་མར་བབས་སོང་མི་དེ་ ཆར་ཆུ་འབོལ་སུ་ཡོད་ནི་དེ་གིས་ཨིནམ་ལས་ འོང་འབབ་དངུལ་ཀྲམ་༢༥,༠༠༠ དེ་ཅིག་ འཐོབ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ འཁོར་ལམ་སེལ་ཞིནམ་ལས་ཚུར་ ཀེ་བ་ལུ་བརྟེན་ དངུལ་གྱི་འོང་འབབ་བཟོ་ཚུགས་ནི་དེ་གིས་ ཧེ་མ་བཟུམ་སྦེ་ སྣང་མེད་སྦེ་ནོར་ལུ་བྱིན་ནི་མེད་ཟེར་ སྐྱེས་ལོ་༢༦ ལང་མི་ ཨྱོན་གྱིས་སླབ་ཨིན་པས།
ཁོ་གིས་ཡང་ ལོ་བསྟར་བཞིན་དུ་ ས་ཆ་ཨེ་ཀར་༡ ལྷགཔ་ཅིག་ནང་ གེ་ཟ་དང་གཅིག་ཁར་ ཀེ་བ་བཙུགས་དོ་ཡོད་པའི་ཁར་ ད་ལས་ཕར་འབད་རུང་ ཀེ་བའི་ལཱ་དེ་ རྩ་འགེངས་འབད་ཚུགས་པ་ཅིན་ དངུལ་གྱི་འོང་འབབ་བཟོ་ཚུགས་ནི་ཨིན་པའི་ཁར་ ཚོང་འབྲེལ་འཐབ་ནི་ལུ་ཡང་ བྱ་སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།
ཀེ་བ་ཚུ་ བསམ་གྲུབ་ལྗོངས་མཁར་ལུ་ བཙོང་པར་འབག་ནི་དེ་ མི་༡ གིས་ བསྡུ་བསྒྱོམ་འབད་དེ་ འབག་དོ་ཡོདཔ་ད་ དུས་ཅི་ ཁྱིམ་གུང་པ་༡༥ དེ་ཅིག་ལས་ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ ད་ལྟོ་ཚུན་ ཀེ་བ་ཊག་དོས་༣ དེ་ཅིག་འབག་ཡོདཔ་ད་ ན་ཧིང་ སྐྱེངས་མཁར་རྒེད་འོག་ལས་ ཀེ་བ་ སྣུམ་འཁོར་ཊག་དོས་༡༣  ཌི་སི་ཨེམ་དོས་༨ དེ་ལས་ བཱོ་ལེ་རོ་༢ དེ་ཅིག་བཙོང་ཚུགས་ཅི་ཟེར་ སྐྱེངས་མཁར་རྒཔོ་ པདྨ་ཚེ་དབང་གིས་ སླབ་ཨིན་པས།
རྒེད་འོག་དེ་ནང་ ཀེ་བ་འཛུགས་སྐྱོང་གི་ལཱ་དེ་ཡང་ ཟླ་༡༢ པ་ལས་འགོ་བཙུགས་པའི་ཁར་ ཟླ་༥ པ་དང་༦ པའི་ནང་ བསྡུ་གསོག་འབད་དོ་ཡོདཔ་ལས་ ད་རེས་ནངས་པ་ དངུལ་གྱི་འོང་འབབ་བཟོ་ནིའི་དུས་ཚོད་ཅིག་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment