གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤིང་འབྲས་ཨམ་ཅུ་ཀུ་ལི་གི་ ཚོང་འབྲེལ་དོན་ལུ་ སྣུམ་འཁོར་གྱི་རྒྱབ་སྐྱོར།

༦/༨/༢༠༡༢   ༉ མོང་སྒར་ཙ་ཀ་གླིང་རྒེད་འོག་ལས་ དུས་ཅི་ འགོ་དང་པ་ ཐིམ་ཕུ་ ཚོད་བསྲེ་ཁྲོམ་ཁར་ ཤིང་འབྲས་ཨམ་ཅུ་ཀུ་ལི་གི་ ཚོང་འབྲེལ་འཐབ་བཅུག་ནིའི་དོན་ལུ་ གཞུང་གིས་ སྣུམ་འཁོར་ཌི་སི་ཨེམ་ཊཱག་༢ གྲོགས་རམ་འབད་ཡོདཔ་ཨིན་པས།
ཐིམ་ཕུ་ཚོད་བསྲེ་ཁྲོམ་ཁར་ མོང་སྒར་ལས་ཐོན་སྐྱེད་འབད་མི་ ཤིང་འབྲས་ཨམ་ཅུ་ཀུ་ལི་ཚུ་ ཚོང་འབྲེལ་འཐབ་པའི་བསྒང་།


སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་དང་ མོང་སྒར་རྫོང་ཁག་སོ་ནམ་ལས་ཁུངས་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་དང་མཉམ་འབྲེལ་སྡེ་ཚན་ དེ་ལས་ ཙ་ཀ་གླིང་རྒེད་འོག་གི་ སོ་ནམ་ལས་ཁུངས་༤ གིས་ མཉམ་འབྲེལ་ཐོག་ རྒེད་འོག་ནང་ལས་ སོ་ནམ་པ་ འཇམ་དཔལ་རྒྱལ་མཚན་ལུ་ ཨམ་ཅུ་ཀུ་ལི་ཚུ་ ཐིམ་ཕུ་ཁྲོམ་ཁར་ ཚོང་འབྲེལ་འཐབ་བཅུག་ནིའི་དོན་ལུ་ སྐྱེལ་འདྲེན་སྣུམ་འཁོར་གྱི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འཇམ་དཔལ་རྒྱལ་མཚན་གྱིས་ ལོ་༡༠ གྱི་ཧེ་མར་ ས་ཆ་ཨེ་ཀར་༢.༥༠ ནང་ ཨམ་ཅུ་ཀུ་ལིའི་ཤིང་༣༠༠ ལྷགཔ་ཅིག་ འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ ཨམ་ཅུ་ཀུ་ལིའི་ ཚོང་འབྲེལ་འཐབ་སྟེ་ ལོ་༧ ལང་ཡོདཔ་ཨིན་རུང་ དུས་ཅི་བཟུམ་མའི་ ཐོན་སྐྱེད་ལེགས་ཤོམ་མ་བྱུང་ཟེར་ སླབ་ཨིན་པས།
མོང་སྒར་རྫོང་ཁག་གི་ སོ་ནམ་འགོ་དཔོན་ ཁམས་པ་གིས་ སླབ་མིའི་ནང་ ཤིང་འབྲས་ཀྱི་ ཐོན་ཤུགས་ལེགས་ཤོམ་ཡོདཔ་ད་ རྫོང་ཁག་ཚུ་ནང་ ཚོང་འབྲེལ་འཐབ་མི་དང་ཕྱདཔ་ད་ ཐིམ་ཕུ་ཚོད་བསྲེ་ཁྲོམ་ཁར་ ཚོང་འབྲེལ་འཐབ་ཚུགས་པ་ཅིན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་པས་ཟེར་ཨིན་པས།
ཐིམ་ཕུ་ཚོད་བསྲེ་ཁྲོམ་ཁའི་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ པདྨ་ཏ་མང་གིས་འབད་བ་ཅིན་ མོང་སྒར་ལས་འབག་འོང་མི་ ཤིང་འབྲས་ཨམ་ཅུ་ཀུ་ལི་ཚུ་ བཙོང་ནིའི་དོན་ལུ་ ས་གོ་བྱིན་ཡི་ཟེར་ཨིནམ་ད་ ཨམ་ཅུ་ཀུ་ལི་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༥༠ དང་༦༠ གི་བར་ན་སྦེ་ བཙོང་དོ་ཟེར་ ཨིནམ་ད་ སྦུང་ཚོང་སྦེ་ འབག་འགྱོ་བ་ཅིན་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠ རེ་སྦེ་ བཙོང་དོ་ཟེར་ སླབ་ཨིན་པས།
འཇམ་དཔལ་རྒྱལ་མཚན་གྱིས་འབད་བ་ཅིན་ ཐིམ་ཕུ་ལུ་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཨམ་ཅུ་ཀུ་ལི་དོས་ ཌི་སི་ཨེམ་ཊཱག་༡ བཞག་ཅི་ཟེར་ཨིནམ་ད་ ཌི་སི་ཨེམ་ཊཱག་གཞན་མིའི་ནང་ཡོད་པའི་ ཤིང་འབྲས་དེ་ སྤ་རོ་རྫོང་ཁག་ནང་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ དངུལ་ཀྲམ་༡༡༠,༠༠༠ སྦེ་ བཙོང་ཡི་ཟེར་ སླབ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཁམས་པ་གིས་ སླབ་མི་དང་འཁྲིལཝ་ད་ རྫོང་ཁག་ནང་ དེ་བཟུམ་སྦེ་ ཚོད་བསྲེའི་རིགས་ཚུ་ཡང་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ གཞུང་ལས་ གྲོགས་རམ་ཡོད་ཟེར་ཨིནམ་ད་ དེ་ཡང་ མི་སེར་སོ་ནམ་པ་ཚུ་གི་ ལྕོགས་གྲུབ་ཡར་སེང་གཏང་ནིའི་དོན་ལུ་ ལམ་སྟོན་བཟུམ་ཅིག་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment