གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་ བསྒུལ་མེད་རྒྱུ་དངོས་ཀྱི་ འོང་འབབ་ཡང་སེང།

༨/༨/༢༠༡༢   ༉ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ བསྒུལ་མེད་རྒྱུ་དངོས་ལུ་བརྟེན་པའི་ འོང་འབབ་དེ་ རྩིས་ལོ་༢༠༠༩ དང་༢༠༡༠ དང་ཕྱདཔ་ད་ འདས་པའི་རྩིས་ལོ་༢༠༡༠ དང་༢༠༡༡ ལུ་ བརྒྱ་ཆ་༣ ལྷགཔ་ཅིག་ལུ་ཡར་སེང་སོང་ཡོདཔ་ཨིན་པས།


དེ་ཡང་ ལས་སྡེའི་ལོ་བསྟར་སྙན་ཞུའི་ནང་ སྤྱི་ལོ་༢༠༠༠ ཚུན་ལུ་ ལས་སྡེ་ལུ་ སྒྲིང་ཁྱིམ་༦༦ གི་ཁང་མིག་༦༤༠ ཡོད་མི་ལས་ སྤྱི་ལོ་༢༠༡༡ ཟླ་༦ པ་ཚུན་གྱི་རིང་ལུ་ སྒྲིང་ཁྱིམ་༨༧ དེ་ཅིག་ གླར་སྤྱོད་བཏང་མི་གིས་ ཁང་མིག་ཡོངས་བསྡོམས་༧༣༣ ལུ་ཡར་སེང་འབད་ཡོདཔ་ལས་ བསྒུལ་མེད་རྒྱུ་དངོས་ཀྱི་གྲུབ་འབྲས་ ལེགས་ཤོམ་བྱུང་ཡོད་ཟེར་ཨིན་པས།
སྡོད་ཁྱིམ་དང་ ཁང་མིག་༧༣༣ ཡོད་མིའི་ནང་ སྡོད་ཁྱིམ་༦༤༧ དང་ ཚོང་འབྲེལ་དོན་ལུ་ ཚོང་ཁང་སྦེ་ ལག་ལེན་འཐབ་མི་༥༨ དེ་ལས་ ཡིག་ཚང་གི་དོན་ལུ་ གླ་ཁར་བཏང་མི་ ཁང་མིག་༣༨ ཡོདཔ་ད་ སྤྱི་ལོ་༢༠༠༠ ཚུན་འབད་བ་ཅིན་ ལས་སྡེའི་སྒྲིང་ཁྱིམ་༦༦ ཡོད་མི་ནང་ སྡོད་ཁྱིམ་༦༣༦ དང་ ཚོང་ཁང་༣ དེ་ལས་ ཡིག་ཚང་༡ ལས་མེདཔ་ཨིན་པས།
དེ་སྦེ་ ཡར་སེང་འབད་རུང་ ལས་སྡེ་དེ་གི་དོན་ལུ་ ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་འཐུས་མི་ཚུ་ལུ་ སྡོད་ཁྱིམ་ལངམ་སྦེ་ མཁོ་སྤྲོད་འབད་ནི་དེ་ དོ་འགྲན་སྦོམ་ཅིག་སྦེ་གནས་ཡོདཔ་ལས་ ལས་སྡེ་གིས་ དཀའ་ངལ་བསལ་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་པས།
ཐིམ་ཕུ་ལུ་ ན་ཧིང་ སྤྱི་ཟླ་༢ པ་ལས་འགོ་བཙུགས་ མ་དངུལ་ དངུལ་ཀྲམ་ས་ཡ་༧༩ གནས་པའི་ སྡོད་ཁྱིམ་ཁང་ཚན་༤༨ འབད་མི་རྐྱབ་ནི་འགོ་བཙུགས་ཡོད་མི་དེ་ ལོ་༣ གི་ནང་འཁོད་ལུ་ མཇུག་བསྡུ་ནིའི་འཆར་གཞི་ཨིན་པས།
ལས་སྡེའི་འོང་འབབ་ནང་ བསྒུལ་མེད་རྒྱུ་དངོས་ལུ་བརྟེན་པའི་འོང་འབབ་ རྩིས་ལོ་༢༠༠༩ དང་༢༠༡༠ ནང་ བརྒྱ་ཆ་༡.༥༣ དེ་ཅིག་ཨིན་མི་ལས་ འདས་པའི་རྩིས་ལོ་ནང་ བརྒྱ་ཆ་༣.༡༢ ལུ་ ཡར་སེང་སོང་ཡོད་མི་དེ་ གཙོ་བོ་ར་ ལས་སྡེ་གིས་ ན་ཧིང་སྤྱི་ཟླ་༡ པའི་ནང་ལས་ ཁང་གླ་ཚུ་བརྒྱ་ཆ་༡༠ ཡར་སེང་འབད་ཡོད་མི་དེ་གིས་ཨིན་ཟེར་བཤདཔ་ཨིན་པས།
ལས་སྡེ་གིས་ མ་འོངས་པའི་འཆར་གཞི་ཚུ་གི་གྲས་ཁར་ རྫོང་ཁག་ཚུ་ནང་ལུ་ ས་ཆ་མཁོ་སྒྲུབ་འབད་དེ་ སྡོད་ཁྱིམ་གྱི་དོན་ལུ་ སྒྲིང་ཁྱིམ་ཚུ་རྐྱབ་ནི་དང་ ཐིམ་ཕུ་ཡིག་ཚང་གོང་མའི་ སྦོ་ལོགས་ཁར་ ཡིག་ཚང་གི་དོན་ལུ་ ཁང་གླར་བཏང་ནི་གི་ སྒྲིང་ཁྱིམ་ཚུ་ རྐྱབ་ནི་གི་འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment