གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཁྲོམ་ནང་ འཐུང་ཆུའི་དཀའ་ངལ་སེལ་ཐབས་ལུ་ ལས་འགུལ་གྱི་གྲོགས་རམ།

༨/༨/༢༠༡༢   ༉ ཐིམ་ཕུ་ཁྲོམ་སྡེ་གིས་ འཐུང་ཆུའི་དཀའ་ངལ་སེལ་ཐབས་ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་དང་ འཛམ་གླིང་དངུལ་ཁང་གཉིས་ཀྱི་ རྒྱབ་སྐྱོར་མ་དངུལ་ཐོག་ལས་ འཐུང་ཆུའི་ལས་འགུལ་ཁག་༢ བཟོ་སྐྲུན་འབད་ཡོདཔ་ཨིན་རུང་ ཁྲོམ་སྡེ་འགོ་དཔོན་ཚུ་ལུ་ དཀའ་ངལ་བསལ་ནི་དེ་ དོ་འགྲན་ཅན་ཅིག་འོང་ནི་མས་ཟེར་ཨིན་པས།
ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ རྒྱབ་སྐྱོར་ཐོག་ལས་བསྒྲུབས་མི་ ས་འོག་ཆུ་འཐེན་ལས་འགུལ།


རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འཐུང་ཆུའི་ལས་འགུལ་བཟོ་སྐྲུན་འབད་མི་དེ་ ཟླཝ་༢ ཀྱི་ཧེ་མ་ལས་ བཟོ་སྐྲུན་འབད་ཚར་ཡོདཔ་ད་ ཨེ་ཤེ་ཡན་གོང་འཕེལ་མ་དངུལ་གྱི་ འཐུང་ཆུའི་ལས་འགུལ་དེ་ སྤྱི་ལོ་༢༠༡༣ ཟླ་༦ པའི་ནང་ བཟོ་སྐྲུན་འབད་ཚར་ནི་དང་ འཛམ་གླིང་དངུལ་ཁང་གི་ ལས་འགུལ་དེ་ སྤྱི་ལོ་༢༠༡༥ འི་ནང་ བསྒྲུབ་ནི་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆུའི་ལས་འགུལ་ཚུ་ བཟོ་སྐྲུན་འབད་ཚར་རུང་ ཐིམ་ཁྲོམ་ནང་གི་ འཐུང་ཆུའི་དཀའ་ངལ་དེ་ དེ་སྦེ་རང་སྡོད་འོང་ཟེར་མི་དེ་ཡང་ ཁྲོམ་སྡེ་ནང་ གཞི་གསརཔ་ཆགས་མི་ ཟླ་རིམ་བཞིན་དུ་ཡར་སེང་འགྱོ་མི་དང་ ད་རེས་ནངས་པ་ ཁྲོམ་སྡེའི་ནང་ བཟོ་སྐྲུན་གྱི་ལཱ་འབད་མི་ ཡར་སེང་སོང་མི་ དེ་ལས་ བཟོ་སྐྲུན་གྱི་དོན་ལུ་ ཆུ་ལག་ལེན་འཐབ་མི་ མང་སུ་ཐོན་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཨེ་ཤི་ཡན་ གོང་འཕེལ་མ་དངུལ་ལས་འགུལ་འཛིན་སྐྱོང་པ་ ཀུན་ལེགས་དཔལ་འབྱོར་གྱིས་ སླབ་མི་དང་འཁྲིལཝ་ད་ འཐུང་ཆུའི་རྐ་ཚུ་ མར་འབབ་འགྱོ་ནི་གི་ ཚ་གྱང་སྦོམ་ཡོད་རུང་ ཨེ་ཤེ་ཡན་གོང་འཕེལ་མ་དངུལ་གྱི་ལས་འགུལ་དེ་ ཐིམ་ཕུ་ལྷོ་ཕྱོགས་ཁ་ཐུག་གི་དོན་ལུ་ བཟོ་སྐྲུན་འབད་དོ་ཟེར་ཨིན་པས།
ཡུ་ཨེསི་ཌོ་ལར་ས་ཡ་༩.༣ འབད་མི་ འཛམ་གླིང་དངུལ་ཁང་གི་ལས་འགུལ་དེ་ ཁག་༣ ལུ་ བགོ་བཤའ་རྐྱབ་ཡོད་མི་ལས་ ད་རེས་ནངས་པ་ ལས་འགུལ་གོ་རིམ་དང་པ་དེ་ ལག་ལེན་འཐབ་པའི་བསྒང་ཡོདཔ་ད་ མ་འོངས་པའི་སྐབས་ལུ་ འཐུང་ཆུ་དགོ་མི་ལེ་ཤ་འཐོན་པའི་ཅིན་ ཡར་སེང་གི་དོན་ལུ་ མ་དངུལ་ཚུ་ ལག་ལེན་འཐབ་ནི་ཨིན་པས།
གོ་རིམ་དང་པའི་ལས་འགུལ་དེ་ སྤྱི་ལོ་༢༠༡༠ ཟླ་༩ པ་ལུ་ འཐུང་ཆུ་བཀྲམ་སྤེལ་འབད་ནིའི་ནང་ ལག་ལེན་འཐབ་ཡོདཔ་མ་ཚད་ བདེ་ཆེན་ཆོས་གླིང་ ཁྲོམ་གོང་འཕེལ་གཏང་ནི་ཚུ་ཨིནམ་ད་ གོ་རིམ་༢ པ་དང་༣ པ་དེ་ ད་ལྟོ་ ཞིབ་འཚོལ་དང་ འཆར་གཞི་ཚུ་རྩམ་པའི་བསྒང་ར་ཡོདཔ་ཨིན་པས།
གོ་རིམ་༢ པའི་ནང་ འཐུང་ཆུ་དང་ བཙོག་གཡུར་བཟོ་སྐྲུན་འབད་ནི་ དེ་ལས་ གཙང་ཆུའི་ཆུ་བྱག་གི་ལཱ་འབད་ནི་ཚུ་ ཚུད་དེ་ཡོདཔ་ད་ གོ་རིམ་༣ པའི་ནང་ གླང་རྒྱུག་ཕ་ཁ་ཁྲོམ་གོང་འཕེལ་གཏང་ནི་ཚུ་ཨིན་པས།
བདེ་ཆེན་ཆོས་གླིང་ལུ་ ཆུ་རྐའི་ས་ཁོངས་ལེགས་ཤོམ་ཡོད་མི་ལུ་བརྟེན་ ཁྱིམ་གུང་པ་༡༨༧ ལུ་ ད་ལྟོ་ ཆུའི་དཀའ་ངལ་ཚུ་མེདཔ་ད་ མ་འོངས་པའི་ནང་ ཁྲོམ་གོང་འཕེལ་གཏང་རུང་ འཛམ་གླིང་དངུལ་ཁང་ཆུའི་ལས་འགུལ་དེ་གིས་ ཆུ་མཛོད་ཁང་སྦོམ་སྦེ་རྐྱབ་ཡོད་མི་ལས་ བཀྲམ་སྤེལ་འབད་ཚུགས་ཟེར་ ལས་འགུལ་འགོ་འདྲེན་པ་ཀུན་བཟང་གིས་ སླབ་ཨིན་པས།
གླང་རྒྱུག་ཕ་ཁ་ལུ་ འཐུང་ཆུའི་ཆུ་མཛོད་ཁང་སོ་སོ་སྦེ་ བཟོ་སྐྲུན་འབད་མ་ཚུགས་མི་དེ་ ཆུ་རྐ་མེད་མི་ལུ་བརྟེན་ཨིནམ་ལས་ ས་དོང་ལས་བཏོན་པའི་ ཆུ་མཛོད་ཁང་དེ་ མ་འོངས་པའི་སྐབས་ལུ་ རྒྱ་བསྐྱེད་འབད་ནི་ལུ་ གཙོ་བ་ོབཏོན་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ འཐུང་ཆུ་བཀྲམ་སྤེལ་སྡེ་ཚན་གྱི་འགོ་དཔོན་ ནག་འཕེལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་སྡེ་ལྟེ་བའི་ནང་ གུང་པ་༣,༡༠༠ ལུ་ འཐུང་ཆུ་བཀྲམ་སྤེལ་འབད་དེ་ཡོད་ཟེར་ཨིནམ་ད་ དེ་ཡང་ གཟི་ལི་ཁ་དང་ ཧེ་འཇོ་ དེ་ལས་ གླང་རྒྱུག་ཕ་ཁ་ཚུ་ནང་ མུ་ཏིག་ཐང་དང་ འབྱུང་བཞི་ན་གི་ ཆུ་དུང་ལས་བརྒྱུད་དེ་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
མུ་ཏིག་ཐང་གི་ཆུ་མཛོད་ཁང་ལས་ ལྕང་ཟམ་ཏོག་སྟོད་དང་ སྨད་ གཟི་ལུང་ཁ་ ཀ་ཝང་བྱང་ས་ དབྱངས་ཅན་ཕུག་ མུ་ཏིག་ཐང་སྟོད་དང་སྨད་ དེ་ལས་ ལྕང་གི་སྒྱིད་དར་ཕུག་ཚུ་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་འགོ་དཔོན་ཚུ་དང་འཁྲིལཝ་ད་ ས་དོང་ནང་ལས་ འཐུང་ཆུ་བཏོན་ནི་ཨིན་མི་ ལས་འགུལ་གྱི་དོན་ལུ་ རྒྱ་གར་གཞུང་ལས་ དངུལ་ཀྲམ་ས་ཡ་༡༠.༦ གནང་ཡོདཔ་ད་ ལས་འགུལ་དེ་གིས་ ཁྱིམ་གུང་པ་༥,༠༠༠ ལྷགཔ་ཅིག་ལུ་ ཆུ་བགོ་བཀྲམ་འབད་ཡོདཔ་མ་ཚད་ ཐིམ་ཁྲོམ་གྱི་ ནུབ་དང་ ལྷོ་ཕྱོགས་ཚུ་ནང་ཡང་ བཀྲམ་སྤེལ་འབད་འོང་ཟེར་ཨིན་པས།
ཨེ་ཤེ་ཡན་གོང་འཕེལ་མ་དངུལ་ལས་འགུལ་གྱིས་ ལུང་བསྟན་ཕུག་དང་ སེམས་རྟོགས་ཁ་ བར་སྦིས་ས་ དེ་ལས་ ལྕང་བང་འབྲུའི་ས་གནས་ནང་སྡོད་མི་ཚུ་ལུ་ཡང་ འཐུང་ཆུ་བཀྲམ་སྤེལ་གྱི་ ལས་འགུལ་ལཱ་ཚུ་འབད་འོང་ཟེར་ཨིན་པས།
ལས་འགུལ་འཛིན་སྐྱོང་འགོ་དཔོན་ ཀུན་ལེགས་དཔལ་འབྱོར་གྱིས་འབད་བ་ཅིན་ མ་འོངས་པའི་འཐུང་ཆུའི་དཀའ་ངལ་སེལ་ཐབས་ལུ་ གཙོ་རིམ་ཅན་གྱི་ཐོག་ལས་ ལཱ་འབད་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment