གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ལས་ ག་གིས་ རྒྱལ་ཁ་འཐོབ་ནི་བཟུམ་ཡོདཔ?

༡༡/༤/༢༠༡༣   ༉ བསམ་རྩེ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི སྤྱིར་བཏང་གྲོས་འཛོམས་དེ་ ཤུགས་ལང་པའི་བསྒང་ཡོདཔ་བཞིན་དུ་ འདེམས་ངོ་༧ གྱིས་ གྲོང་གསེབ་མི་སེར་ཚུ་ལུ་ ག་དེ་དྲག་དྲག་ རྒུད་བསྐུལ་འབད་ནི་གི་ རྩ་འགེངས་དོ་ཡོདཔ་ཨིན་རུང་ བཙག་འཐུའི་སྐབས་ ག་གིས་ རྒྱལ་ཁ་འཐོབ་ནི་གི་ འོས་འབབ་ཡོདཔ་ཨིན་ན་ ལོ་རྒྱུས་སླབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ རྫོང་ཁག་ནང་ ཡོངས་གྲགས་ཡོད་མི་དང་ ལས་འབྲེལ་ནང་ ཉམས་མྱོང་ཡོད་མི་ ཡང་ཅིན་ རྒྱལ་ཡོངས་སྐད་ཡིག་ནང་ ཐོགས་ཆག་མེད་པར་ ཁ་སླབ་ཚུགས་མི་ ཡང་ཅིན་ མི་སྡེའི་རིགས་ཀྱི་རྒྱུད་བསྐུལ་ ཡང་ཅིན་ འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་མཐོ་ཤོས་ཡོད་མི་ནང་འཁྲིལ་ མི་སེར་ཚུ་གིས་ འདེམས་ངོ་གདམ་ཁ་རྐྱབ་དགོཔ་ འབྱུང་ནི་ཨིན་པས།
འདི་བཟུམ་མའི་ གདམ་ཁ་དང་འཁྲིལ་ ཚོགས་རྒྱན་བཙུགས་པ་ཅིན་ ཧེ་མར་ ཚོགས་ཁང་ནང་ ཕྱག་ཞུ་བའི་ ཉམས་མྱོང་ཡོད་མི་དང་ ཡུདཔ་ཅིག་ བསམ་རྩེ་རྫོང་ཁག་གི་ རྒེད་འོག་ཆ་མཉམ་ནང་ ཡོངས་གྲགས་ཡོད་མི་ གཏན་འབྲུ་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༣༨ ལང་མི་ སངས་རྒྱས་མཁའ་འགྲོ་ལུ་ གོ་སྐབས་ཡོདཔ་བཟུམ་སྦེ་ མཐོངམ་མས་ཟེར་ འདེམས་ངོ་མེད་མི་ རྒེད་འོག་ཚུ་གི་ མི་སེར་ཚུ་གི་ བསམ་བཀོད་དང་ ས་གནས་གཞན་ཁའི་ མི་ཚུ་གིས་ ལོ་རྒྱུས་སླབ་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ ཧེ་མ་ སྤྱི་མི་དང་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་སྦེ་ ཕྱག་ཞུ་བའི་ཁར་ སྤྱི་ལོ་༢༠༠༨ ལུ་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་འབད་ཡང་ ལཱ་འབད་ཡོདཔ་ལས་ མི་སེར་མང་ཤོས་ཅིག་གིས་ ངོ་ཤེས་དོ་ཡོདཔ་མ་ཚད་ མི་སེར་ཚུ་གི་ཧོངས་ལས་ བསམ་བཤད་དང་ གྲོས་འཆར་ཞུ་ནིའི་ནང་ཡང་ ངར་ཡེང་ཡོད་མི་ལུ་བརྟེན་ ཚོགས་རྒྱན་མངམ་འཐོབ་ནི་གི་ གོ་སྐབས་ཡོདཔ་ཨིན་པས།
སངས་རྒྱས་མཁའ་འགྲོའི་ ཨ་པ་གྱོངས་མི་དེ་ སྤུ་ན་ཁ་ལས་དང་ ཨའི་དེ་ གཏན་འབྲུ་ལས་ཨིནམ་ད་ ཁོ་གི་ མི་རྩིས་དེ་ སྤུ་ན་ཁ་ལས་ བསམ་རྩེ་ལུ་ སྤོ་སོར་འབད་ཡོདཔ་བཞིན་དུ་ ཁོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ ཧེ་མར་ གཞུང་དང་ མི་སེར་ལུ་ ག་དེ་སྦེ་ ཕྱག་ཞུ་ཡོདཔ་ཨིན་ན་ ཤེསཔ་མ་ཚད་ ད་ཚུན་གྱི་བར་ན་ ངོས་ལེན་ལེགས་ཤོམ་བྱུང་ཡོདཔ་ལས་ ཡིད་ཆེས་སྦོམ་ ཐོབ་སྟེ་ཡོད་ཟེར་ཨིན་པས།
དེ་ལས་ པདྨ་གླིང་རྒེད་འོག་གི་ མི་སེར་ཚུ་ལས་ རྒྱབ་སྐྱོར་ཡོད་མི་དང་ མི་སྡེའི་རིགས་ཀྱི་ རྒྱུད་བསྐུལ་དང་འཁྲིལ་ འགྱོ་བ་ཅིན་ འདེམས་ངོ་སྐྱེས་ལོ་༤༦ ལང་མི་ དཱན་ཀུ་མར་ ག་ལེ་ཡང་ རྒྱལ་ཁ་འཐོབ་ནི་གི་ གོ་སྐབས་ཡོདཔ་བཟུམ་ མཐོང་སྣང་བྱུང་མི་དེ་ཡང་ བསམ་རྩེ་ལུ་ རའི་མི་སྡེའི་རིགས་ཀྱི་ཤུལ་ལས་ མི་རློབས་མཐོ་ཤོས་ར་ ག་ལེའི་རིགས་ཡོད་ནི་གིས་ཨིན་པས།
འདེམས་ངོ་ཚུ་གི་གྲས་ལས་ ཁ་འཇམ་ཏོང་ཏོ་སླབ་མི་དང་ སློབ་གྲྭའི་དབུ་འཛིན་བགྲེསཔ་ཅིག་ཨིན་མི་ དཱན་ཀུ་མར་ ག་ལེ་གིས་ སླབ་མིའི་ནང་ བཙག་འཐུའི་ནང་ མི་སྡེའི་རིགས་ཀྱིས་ རྒྱུད་བསྐུལ་མི་འབད་ཟེར་ཨིནམ་ད་ གལ་སྲིད་ མི་སེར་ཚུ་གིས་ ངེ་གི་ཞབས་ཏོག་དགོ་འདོད་བསྐྱེད་པ་ཅིན་ ང་ལུ་ ཚོགས་རྒྱན་བཙུགས་གནང་དགོ་ཟེར་ ཁོ་གིས་ བཤད་པའི་ཁར་ ཁོ་ལུ་ ཚང་གྱང་དེ་ར་ ཁོ་ བསམ་རྩེ་ལུ་ མ་སྡོད་པར་ ལོ་༣༠ སོང་ནི་མི་དེ་ཨིན་ཟེར་ སླབ་ཨིན་པས།
མི་སེར་མང་ཤོས་ཅིག་གིས་ བསམ་འཆར་བཤད་མིའི་ནང་ གཅིག་གི་ སྐྱེས་གཡུས་བསམ་རྩེ་དང་ གཞན་མི་དེ་གི་ ཞི་བའི་མི་རྩིས་ཐོ་བཀོད་དེ་ སྤུ་ན་ཁ་ལས་ བསམ་རྩེ་ལུ་ སྤོ་བཤུད་འབད་མི་ལུ་ གཞི་བཞག་སྟེ་ མི་རིགས་ཀྱི་ དབྱེ་བ་མ་ཕྱེ་བར་དང་ ཡང་ཅིན་ རྫོང་ཁ་ལེགས་ཤོམ་སྦེ་ སླབ་ཤེས་མི་ལུ་ གཞི་བཞག་སྟེ་ ཚོགས་རྒྱན་མ་བཙུགས་པ་ཅིན་ དཱན་ཀུ་མར་ ག་ལེ་དང་ སངས་རྒྱས་མཁའ་འགྲོ་༢ ཀྱི་བར་ན་ དོ་འགྲན་སྦོམ་འབྱུང་འོང་ཟེར་ཨིན་པས།
དཱན་ཀུ་མར་ག་ལེ་གིས་འབད་བ་ཅིན་ ཁ་སྐད་བ་ ལཱ་གཡོག་ནང་ ཕྱག་ཞུ་བའི་ ཉམས་མྱོང་དེ་ གལ་ཆེ་ཟེར་ཨིན་པས།
གལ་སྲིད་ མི་སེར་ཚུ་གིས་ མི་རིགས་ཀྱི་ དབྱེ་བ་ཕྱེ་བ་ཅིན་ ཧེ་མར་ ང་ སྤྱི་མི་སྦེ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཛོམས་འདུ་ནང་ འདེམས་ངོ་སྦེ་ གདམ་འཐུ་མ་འབདཝ་འོང་ཟེར་ སངས་རྒྱས་མཁའ་འགྲོ་གིས་ དོགས་སེལ་འབདཝ་ཨིན་པས།
འདེམས་ངོ་གཉིས་ཆ་ར་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་མཐོ་ཤོས་ཡོད་མི་ བཀྲིས་ཆོས་གླིང་འདེམས་ཁོངས་ནང་ ཚུད་དོ་ཡོདཔ་ད་ འདེམས་ཁོངས་དེ་ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་བསྡོམས་༡༡,༥༨༥ ཡོདཔ་ལས་ གལ་སྲིད་ ཁོང་༢ ཀྱིས་ ཚོགས་རྒྱན་མངམ་མ་ཐོབ་པར་ འདེམས་ངོ་གཞན་༥ དང་ བགོ་སྟེ་ཡར་སོ་པ་ཅིན་ ཁོང་༢ ཕམ་ནི་གི་ ཉེན་ཁ་ཡང་ཡོདཔ་ཨིན་པས།
དེ་འབདཝ་ད་ འདེམས་ངོ་༢ བསམ་རྩེ་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༤༣ ལང་མི་ ག་ནིཤ་གི་མི་རི་གིས་ དོ་འགྲན་སྒྲིང་སྒྲིང་བྱིན་ནི་བཟུམ་ཅིག་ཡོད་མི་དེ་ཡང་ ཁོ་གི་ མི་རྩིས་དེ་ བཀྲིས་ཆོས་གླིང་རྒེད་འོག་ལས་ བསམ་རྩེ་ལུ་ སྤོ་ཡོདཔ་ལས་ རྒེད་འོག་༢ ཆ་རའི་ མི་སེར་མང་ཤོས་ཅིག་གིས་ ངོ་ཤེས་དོ་ཡོདཔ་མ་ཚད་ བཀྲིས་ཆོས་གླིང་རྒེད་འོག་ལས་ བསམ་རྩེ་ཕྱི་ནང་ལུ་ ལཱ་འབད་མི་ ཤེས་ཡོན་ཅན་གྱི་ ཚོགས་རྒྱན་བཙུགས་མི་མངམ་ཡོདཔ་སྦེ་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་པས།
དེ་མ་ཚད་ ག་ནིཤ་གི་མི་རི་དེ་ བསམ་རྩེ་ཁྲོམ་སྡེའི་ འདེམས་ངོ་ཁྱུང་བདུད་ཚེ་རིང་དང་ཕྱདཔ་ད་ ཡོངས་གྲགས་ཡོདཔ་ད་ ཁོང་གཉིས་ཆ་ར་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༩,༣༩༠ ཡོད་མི་ ཕུན་ཚོགས་དཔལ་རི་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
གལ་སྲིད་ རྫོང་ཁ་ཐོགས་ཆགས་མེད་པར་ སླབ་མི་ལུ་ གཞི་བཞག་པ་ཅིན་ ཧཱ་ལས་ བསམ་རྩེ་ལུ་ མི་རྩིས་སྤོ་སོར་འབད་མི་ སྐྱེས་ལོ་༣༢ ལང་མི་ ཁྱུང་བདུད་ཚེ་རིང་གིས་ རྒྱལ་ཁ་འཐོབ་ནི་བཟུམ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཁྱུད་བདུད་ཚེ་རིང་གིས་ ད་རུང་ རྫོང་ཁ་ཐོགས་ཆག་མེད་མི་ སངས་རྒྱས་མཁའ་འགྲོ་དང་ དོ་འགྲན་འབད་དགོཔ་ཨིན་པས།
ཧེ་མར་ འབྲུག་གནས་ཚུལ་ནང་ ལཱ་འབད་མི་ ཁྱུང་བདུད་ཚེ་རིང་དེ་ སྤྱི་ལོ་༢༠༠༨ ལུ་ མི་སེར་དམངས་གཙོའི་ཚོགས་པའི་ འདེམས་ངོ་སྦེ་ འབྲེལ་གཏོགས་འབད་ཡོད་རུང་ བསམ་རྩེ་རྫོང་ཁག་གི་ རྒེད་འོག་ལེ་ཤ་ཅིག་ནང་ མི་སེར་ཚུ་གི་དོན་ལུ་ གདོང་གསརཔ་ཅིག་ཨིན་པས།
མི་རིགས་ཀྱི་ རྒྱུད་བསྐུལ་ཆེ་ཤོས་ར་ རྡོ་ཕུག་ཅན་-རྟ་སྡིང་འདེམས་ཁོངས་ནང་ལས་ཡང་ དམིགས་བསལ་དུ་ དན་ཅུ་ཁ་དང་ གདུང་སྟོད་ རྡོ་ཕུག་ཅན་རྒེད་འོག་ཚུ་ནང་ འོང་ནི་ཨིནམ་སྦེ་ མི་སེར་ཚུ་གིས་ བསམ་བཀོད་འབདཝ་ཨིན་པས།
འདི་འབདཝ་ད་ལས་ རྡོ་ཕུག་ཅན་གྱི་འདེམས་ངོ་ སྐྱེས་ལོ་༤༦ ལང་མི་ ཅ་ཏ་ར་པ་ཊི་ ཕུ་ཡེལ་དེ་ ཁོ་རའི་ གཡུས་ཚན་ནང་ སྡོད་ནི་དེ་གིས་ བཙག་འཐུའི་ཉིན་མར་ རྒྱལ་ཁ་འཐོབ་ནི་གི་ བློ་སྟོབས་སྦོམ་བསྐྱེད་དེ་ སྡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཕམ་སོ་མི་ ཅ་ཏ་ར་པ་ཊི་དེ་ ད་རིས་ཀྱི་ བཙག་འཐུ་ནང་ རྒྱལ་ཁ་འཐོབ་ནི་གི་ རེ་བ་ཡོདཔ་ཨིན་རུང་ ཁོ་རའི་ རྒེད་འོག་ནང་མ་གཏོགས་ རྒེད་འོག་གཞན་ཚུ་ནང་ ཡོངས་གྲགས་མེདཔ་ཨིན་པས།
ང་ལུ་ སྐྱོན་སྦོམ་ཤོས་ར་ རྫོང་ཁ་ལེགས་ཤོམ་སྦེ་ མ་ཤེས་ནི་དེ་གིས་ཨིན་ཟེར་ ཅ་ཏ་ར་པ་ཊི་གིས་ བཤད་པའི་ཁར་ ད་རིས་འབདཝ་ད་ མི་སེར་ཚུ་གིས་ ཁོ་ ངོ་ཤེས་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༨ ལུ་ ཚོགས་རྒྱན་བཙུགས་ནི་འཛོལ་ཡོདཔ་ ཧ་གོ་མི་ལུ་བརྟེན་ དུས་ཅི་ རྒྱལ་ཁ་འཐོབ་ཚུགས་ཟེར་ སླབ་ཨིན་པ།
ཨིན་རུང་ ཅ་ཏ་ར་པ་ཊི་གིས་ དན་ཅུ་ཁ་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༥༤ ལང་མི་ ཁ་ར་ནཱན་ད་ ད་ཀཱལ་དང་ དོ་འགྲན་འབད་དགོཔ་ འབྱུང་ནི་ཨིནམ་ད་ སློབ་གྲྭའི་དབུ་འཛིན་བགྲེསཔ་ཨིན་མི་ ད་ཀཱལ་གྱིས་འབད་བ་ཅིན་ ཁོ་གིས་ རྒེད་འོག་དག་པ་ཅིག་ནང་ ལྟ་སྐོར་འབད་བའི་སྐབས་ མི་སེར་ཚུ་ལས་ ངོས་ལེན་ཐོབ་མི་དང་འཁྲིལ་ རྒྱལ་ཁ་འཐོབ་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།
ད་ཀཱལ་དེ་ བློ་བདེ་ཐོག་ལས་ བསྐུལ་བསྒྲགས་ཚུ་ སྒྲིང་སྒྲིང་སྦེ་ མ་འབད་མི་དེ་ཡང་ ཁོ་གི་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༡༡,༥༥༡ ཡོད་ནི་དེ་གིས་ཨིནམ་འོང་ནི་མས་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
འོད་གསལ་རྩེ་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༣༥ ལང་མི་ ན་ར་ཡཱན་ ད་ཧཱལ་གྱིས་ ཁོ་རའི་ ཨྱོན་རྩེ་-འོད་གསལ་རྩེ་འདེམས་ཁོངས་ནང་ལས་རྐྱངམ་གཅིག་གི་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་ནི་བཟུམ་ཡོདཔ་ལས་ བཙག་འཐུའི་ནང་ རྒྱལ་ཁ་འཐོབ་ནི་གི་ གོ་སྐབས་ཆུང་སུ་ཅིག་ལས་མིན་འདུག་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་པས།
འདེམས་ཁོངས་དེ་ནང་ ཚོགས་རྒྱན་བཙུགས་མི་༩,༠༧༠ ཡོད་རུང་ དངུལ་ཁང་གི་ འཛིན་སྐྱོང་ཕ་བགྲེསཔ་དེ་ གཡུས་ཚན་ལེ་ཤ་ཅིག་གི་དོན་ལུ་ གདོང་གསརཔ་ཨིནམ་ལས་ རྒྱལ་ཁའི་ཚོགས་རྒྱན་ཐོབ་མི་ཚུགསཔ་འོང་ཟེར་ཨིན་པས།
ཨིན་རུང་ འདེམས་ངོ་ཆ་མཉམ་གྱིས་ར་ རྒེད་འོག་ག་རའི་ མི་སེར་ཚུ་ལས་ རྒྱབ་སྐྱོར་ཡོདཔ་སྦེ་ དཔའ་ཉམས་བསྐྱེདཔ་ཨིན་རུང་ ཚོགས་རྒྱན་བཙུགས་ནི་གི་ དུས་ཚོད་སྦོ་ལོགས་ཁར་ ལྷོད་མི་དང་བསྟུན་ བསམ་རྩེ་ལས་ ག་གིས་རྒྱལ་ཁ་འཐོབ་འོང་ག་ ད་ལྟོ་ སླབ་མི་ཚུགས་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment