གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱད་ཚད་ལྡན་པའི་མི་ངོམ་༧༡,༨༠༣ གྱིས་ ཚོགས་སྡེའི་འགྲེམ་ཐོག་ཚོགས་རྒྱན་བཙུག་ནི།

༡༡/༤/༢༠༡༣   ༉ བཙག་འཐུ་ལྷན་ཚོགས་ཀྱིས་ སྙན་ཞུ་བཅུད་སྡུད་གསལ་སྟོན་འབད་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ མི་གྲངས་༤༠,༧༠༡ གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་ཡོདཔ་ཨིན་རུང་ ཞུ་ཡིག ༩,༡༧༤ ཆ་མེད་བཏང་ཡོདཔ་ཨིན་པས།


སྙན་ཞུ་དང་འཁྲིལཝ་ད་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ ཚོགས་སྡེའི་བཙག་འཐུ་དོན་ལུ་ རྫོང་ཁག་༢༠ ལས་ ཁྱད་ཚད་ལྡན་པའི་མི་ངོམ་༧༡,༨༠༣ གྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་༣༡,༥༩༢ རྐྱངམ་གཅིག་ ངོས་ལེན་འབད་ཡོདཔ་ཨིན་པས།
བཙག་འཐུ་འགོ་དཔོན་ ཕུརཔ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་གྱི་ཞུ་ཡིག་བཙུགས་པའི་ཤུལ་ལུ་ ཆ་མེད་བཏང་ཡོད་མི་ཚུ་གིས་ དང་འདོད་ཡོད་པ་ཅིན་ བཙག་འཐུའི་ཉིནམ་ལུ་ རང་སོའི་འདེམས་ཁོངས་ཚུ་ནང་སོང་སྟེ་ ཚོགས་རྒྱན་བཙུགས་ཆོག་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་མཐོ་ཤོས་ ཐོ་བཀོད་འབད་མི་ བཀྲ་ཤིས་སྒང་རྫོང་ཁག་ལས་ མི་གྲངས་༡༠,༠༣༩ ཐོན་ཡོདཔ་ད་ རྫོང་ཁག་དེ་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ཞུ་ཡིག་༡,༥༢༢ ཆ་མེད་བཏང་ཡོདཔ་ལས་ ཆ་མེད་མཐོ་ཤོས་བཏང་མི་དེ་ རྫོང་ཁག་དེ་ནང་ཨིན་པས།
ཐོ་བཀོད་མཐོ་ཤོས་ཡོད་རུང་ མི་ངོམ་༦,༡༠༥ གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ མི་གྲངས་༤,༥༨༣ རྐྱངམ་གཅིག་ འབྲེལ་ཡོད་རྫོང་ཁག་གི་ བཙག་འཐུ་འགོ་དཔོན་ཚུ་གིས་ ངོས་ལེན་འབད་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ཉུང་ཤོས་དེ་ མགར་ས་རྫོང་ཁག་ནང་ལས་ ཐོན་ཡོདཔ་ད་ དེ་ཡང་ རྫོང་ཁག་དེ་ནང་ལས་ མི་གྲངས་༡༨༢ ཀྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོད་ས་ལས་༩༧ གྱིས་ ཞུ་ཡིག་བཙུགས་ཡོད་རུང་༨༧ རྐྱངམ་གཅིག་ ངོས་ལེན་འབད་ཡོདཔ་ད་ ལྷག་ལུས་༡༠ དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
ཕུརཔ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་ ཆ་མེད་བཏང་མི་ཚུ་ཡང་ ལ་ལུ་གིས་ འགྲེམ་ཐོག་གི་དོན་ལུ་ ཐོ་བཀོད་མ་འབད་བར་ བཙུགས་ཏེ་འདུག་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་ ཁོང་རའི་རྫོང་ཁག་གི་ བཙག་འཐུ་འགོ་དཔོན་ཚུ་གི་ ཡོངས་འབྲེལ་ཁ་བྱང་དང་ ཡང་ཅིན་ དབང་ནུས་ལྡན་པའི་དཔང་པོ་སྦེ་ ཐོ་བཀོད་མ་འབད་མི་ཚུ་ བཙུགས་ཏེ་ཡོདཔ་ལས་ ཆ་མེད་བཏང་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ལ་ལུ་ཅིག་གིས་ ཚོགས་རྒྱན་འདྲ་པར་རྙིངམ་ཚུ་ ལག་ལེན་འཐབ་ཡོདཔ་བཞིན་དུ་ ལ་ལུ་ཅིག་གིས་ རྫོང་ཁག་འཛོལ་ཏེ་ བཏང་ཡོདཔ་ལས་ ཆ་མེད་བཏང་དགོཔ་ ཐོན་སོ་ཡི་ཟེར་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment