གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསུང་སྐད་འགྲན་བསྡུར་གྱི་ གསོལ་རས་འཐོབ་ནི་ལུ་ ད་རུང་བསྒུག་དགོཔ།

དེ་ཡང་ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་འགོ་འདྲེན་པ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི།

༉ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་མི་ ཨ་ལུ་༩ གིས་ ཁོང་གི་ གསོལ་རས་འཐོབ་ཚུགས་ཚུགས་ལུ་ ད་རུང་ ཡུན་འགྱངས་ལུས་ནི་ཨིན་པས།
དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་དེ་ གསུང་སྐད་འགྲན་བསྡུར་འགོ་འདྲེན་འཐབ་མི་ དངོས་གྲུབ་རྡོ་རྗེ་གིས་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ གསོལ་རས་དངུལ་ཀྲམ་བསྡོམས་༦༢༤,༠༠༠ ཞག་གྲངས་༡༠ གྱི་ ནང་འཁོད་ལུ་ སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོད་རུང་ མཐོ་གཏུགས་པ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
འགོ་འདྲེན་འཐབ་མི་ དངོས་གྲུབ་རྡོ་རྗེ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དགོ་མི་དེ་ཡང་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་མི་ལུ་བརྟེན་མཐོ་གཏུགས་ཞུ་ཡོདཔ་ཨིན་རུང་ ཆེ་མཐོ་ཁྲིམས་འདུན་ལས་ཡང་ བསྒྱུར་བཅོས་ག་ནི་ཡང་མེད་པར་ རང་འཇགས་སྦེ་ གཞི་འཛིན་འབད་ཡོདཔ་ལས་ ཁེ་རྒུད་རྩ་ལས་ མ་བཏུབ་ཟེར་ཨིན་པས།
དངོས་གྲུབ་རྡོ་རྗེ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་སྦེ་ ཐག་བཏོག་མིའི་ གནད་དོན་དང་པ་དེ་ ཆེ་མཐོ་ཁྲིམས་འདུན་ལས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ དབྱེ་དཔྱད་ལེགས་ཤོམ་མ་མཛད་པར་ རང་འཇགས་སྦེ་ བཞག་མི་ལུ་བརྟེན་ ཨིན་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་ འགོ་འདྲེན་འཐབ་ནིའི་དོན་ལུ་ རྫོང་ཁག་༢༠ ནང་སོང་སྟེ་ ཨ་ལུ་རེ་རེ་བཞིན་དུ་ལུ་ མགུ་སྐོར་རྐྱབ་ནུག་ཟེར་ བཙོན་ཁྲིམས་ཟླཝ་༦ བཀལ་མི་དེ་ ཁོ་ལུ་ འཁྲི་དགོཔ་མེད་མི་དེ་ཡང་ ཁོ་གིས་ གསུང་སྐད་འགྲན་བསྡུར་གྱི་དོན་ལུ་ རྫོང་ཁག་༢༠ ཕ་རང་བཞག་ ཐ་ན་ ཉེ་འདབས་ཀྱི་རྫོང་ཁག་ སྤ་རོ་དང་ ཧཱ་ སྤུ་ན་ཁ་ལུ་ཡང་ སོང་སོངམ་མེད་ཟེར་ཨིན་པས།
མཐོ་གཏུགས་འབད་དགོ་པའི་ གནད་དོན་༢ པའི་ཐད་ལུ་ འགྲན་བསྡུར་དེ་ ཁོ་གིས་ འགོ་འདྲེན་འཐབ་ཡོད་རུང་ འགོ་འདྲེན་འཐབ་མི་དང་ ཚོང་འབྲེལ་འགོ་དཔོན་ཚུ་གི་བར་ན་ གསོལ་རས་དང་ བཀབ་གོ་ལ་ སྒྲིག་གོ་ དེ་ལས་ དཔེ་དེབ་ཚུ་ ག་གིས་སྤྲོད་ནི་ཨིན་ན་ ཁྲིམས་མཐུན་གྱི་ ནང་གན་བཟོ་སྟེ་ཡོད་ཟེར་ དངོས་གྲུབ་རྡོ་རྗེ་གིས་ སླབ་ཨིན་པས།
ཁྲིམས་མཐུན་གྱི་ གན་ཡིག་དང་འཁྲིལཝ་ད་ གསུང་སྐད་འགྲན་བསྡུར་དེ་ དངོས་གྲུབ་རྡོ་རྗེ་གིས་ འགོ་འདྲེན་འཐབ་ནི་ཨིན་རུང་ གསོལ་རས་དང་ གྱོན་ཆས་ སྒྲིག་གོ་ཆ་ཚང་ དེ་ལས་ དཔེ་དེབ་ཚུ་ བྱིན་ནིའི་དོན་ལུ་ ཁག་འབགཔ་ལེན་མི་ ཚོང་འབྲེལ་འགོ་དཔོན་གྱིས་ སྤྲོད་དགོཔ་ལས་ ཁོ་ལུ་ འགན་འཁྲི་ག་ནི་ཡང་མེད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ད་རུང་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ ལྷ་དབང་འོད་གསལ་བཟོ་སྐྲུན་གྱི་ ཚོང་བསྒྲགས་འགོ་དཔོན་ པདྨ་ཚེ་རིང་དང་ ཡིད་དགའ་དབང་མོ་༢ ཀྱིས་ ངག་བརྗོད་ཕུལ་མིའི་ནང་ གསོལ་རས་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཚང་འགྲིགས་སྤྲོད་ནི་ཨིན་ཟེར་ ཞུ་བ་ཕུལ་ཡོད་རུང་ ང་གིས་ར་ སྤྲོད་དགོ་ཟེར་ ཉེས་ཁྲིམས་བཀལ་མི་དང་ ཁྲིམས་མཐུན་ཐོག་ལས་ ནང་གན་བཟོ་མི་དེ་ ཆ་མེད་བཏང་དགོ་མིའི་ གནད་དོན་ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ ལས་རིམ་འགོ་འདྲེན་པ་གིས་ སླབ་ཨིན་པས།
ཚོང་བསྒྲགས་འགོ་དཔོན་དེ་ ངེ་གི་འོག་ལས་ ལཱ་འབད་མི་ཨིན་རུང་ གསོལ་རས་ཀྱི་རིགས་ག་ར་ ཁོང་གིས་ སྤྲོད་ནི་སྦེ་ ཁྲིམས་མཐུན་གན་རྒྱ་བཟོ་ཡོད་རུང་ གསོལ་རས་ཚུ་ འགོ་འདྲེན་འཐབ་མིའི་ ཁ་ཐུག་ལས་ སྤྲོད་དགོཔ་དང་ དེ་དང་གཅིག་ཁར་ ཉེས་ཁྲིམས་ཟླཝ་༦ བཀལ་ཡོདཔ་ལས་ ཁེ་རྒུད་མ་བཏུབ་མི་ལུ་བརྟེན་ སྤྱི་ཟླ་༤ པའི་ཚེས་༡༥ ལུ་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་ཟེར་ དངོས་གྲུབ་རྡོ་རྗེ་གིས་ སླབ་ཨིན་པས།
དེ་འབདཝ་ད་ པདྨ་ཚེ་རིང་གིས་འབད་བ་ཅིན་ གསུང་སྐད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་གི་ གསོལ་རས་མ་དངུལ་འཚོལ་ནི་དེ་ ཁོང་གི་ འགན་ཁུར་ཨིན་རུང་ རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་བྱིན་ནི་དེ་ འགོ་འདྲེན་པའི་ འགན་ཁུར་ཨིནམ་ལས་ ཚོང་བསྒྲགས་སྡེ་ཚན་ལུ་ མི་ཕོག་པའི་ཁར་ གན་རྒྱ་ཡང་ བཟོ་བཟོཝ་མེད་ཟེར་ཨིན་པས།
མཐོ་གཏུགས་པ་ དངོས་གྲུབ་རྡོ་རྗེ་གིས་ སྤྱི་ལོ་༢༠༡༡ ལས་ ༢༠༡༢ ཚུན་ འབྲུག་གཅེས་གཅེས་གསུང་སྐད་འགྲན་བསྡུར་འགོ་འདྲེན་འཐབ་པའི་ཤུལ་ལུ་ གསོལ་རས་ཚུ་ སྤྲོད་མ་བཏུབ་མི་ལུ་བརྟེན་ ཨ་ལུའི་ཕམ་ཚུ་གིས་ ཁྲིམས་གཏུགས་འབད་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ གསུང་སྐད་འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ ཚེ་རིང་འོད་ཟེར་ལུ་ གསོལ་རས་དངུལ་ཀྲམ་༢༣༠,༠༠༠ དང་ ཨང་༢ པ་ཐོན་མི་ སྐལ་ལྡན་ཆོས་གྲགས་ལུ་ དངུལ་ཀྲམ་༡༣༠,༠༠༠ བསོད་ནམས་ཆོས་སྐྱིད་ལུ་ དངུལ་ཀྲམ་༩༠,༠༠༠ བསོད་ནམས་བཟང་མོ་ལུ་ དངུལ་ཀྲམ་༥༠,༠༠༠ རྟ་མགྲིན་ཕུརཔ་དང་ ཟླ་བ་སྒྲོལ་མ་༢ ལུ་ དངུལ་ཀྲམ་༡༥,༠༠༠ རེ་ སྤྲོད་དགོ་པའི་ཁར་ བདེ་ཆེན་ཕུན་ཚོགས་དང་ ཀྲི་ཨེལ་ཀེ་རྡོ་རྗེ་༢ ལུ་ དངུལ་ཀྲམ་༡༢,༠༠༠ རེ་དང་ ཀུན་ལེགས་དབང་མོ་ལུ་ དངུལ་ཀྲམ་༧༠,༠༠༠ བཅས་ ཡོངས་བསྡོམས་དངུལ་ཀྲམ་༦༢༤,༠༠༠ སྤྲོད་དགོཔ་ཨིན་པའི་གནས་ཚུལ།

                                                                               བཀྲིས་ཕུན་ཚོགས།

No comments:

Post a Comment