གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་སྲིད་བློན་པོ་དང་ འཐུས་མི་༡༣ གྱི་ སྙན་གསན་མཇུག་བསྡུ་ཡོདཔ།

༩/༤/༢༠༡༣   ༉ མོང་སྒར་རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་དང་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐོག་མའི་ཁྲིམས་འདུན་ལུ་ རྩོད་འགྲན་འབད་མི་དེ་ར་ ནན་བསྐྱར་དུ་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་མི་ལུ་བརྟེན་ ཁ་ཙ་ མཐའ་བསྡོམས་རྩོད་འགྲན་འབད་ཐོག་ལས་ སྙན་གསན་མཇུག་བསྡུ་ཡི།
མཐའ་བསྡོམས་སྙན་གསན་གྱི་ཤུལ་ལས་ ཁྲིམས་འདུན་གྱི་ཕྱི་ཁར་ ཁྲོམ་སྡེ་ཚོགས་ཆུང་གི་རྒྱབ་མི་དང་འཐུས་མི་(གདོང་ཁར) དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཚུ་ གྲོས་བསྟུན་འབད་བའི་བསྒང་།


ནང་སྲིད་བློན་པོ་དང་ ཁྲོམ་སྡེ་ཚོགས་ཆུང་གི་རྒྱབ་མི་ འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ བརྒལ་ལན་དང་འབྲེལ་ མཐའ་བསྡོམས་སྙན་གསན་ནང་ མཐོ་གཏུགས་པ་ཚུ་ལུ་ ཁེ་རྒུད་མ་བཏུབ་མི་དེ་ མོང་སྒར་ཁྲིམས་འདུན་གྱིས་ ཁྲོམ་སྡེ་བཅའ་ཁྲིམས་༡༩༩༩ ལུ་ ངོས་ལེན་མཛད་མ་བཏུབ་པར་ སྤྱི་ལོ་༡༩༨༧ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བཀའ་ཤོག་གནང་མི་ལུ་ གཞི་འཛིན་འབད་དེ་ ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ བཙོན་ཁྲིམས་ལོ་རེ་ བཀལ་ནི་དེ་གིས་ཨིན་ཟེར་ ཡང་བསྐྱར་གསལ་ཞུ་ཕུལ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་ ཞུ་མིའི་ནང་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་རྫོང་བདག་དང་ ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་སྦེ་ བཞུགས་པའི་སྐབས་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་དང་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ སྤྱི་ལོ་༡༩༨༧ ཟླཝ་༣ པའི་ཚེས་༣༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཁྲོམ་ས་གནང་ཐངས་ཀྱི་ ཁྲིམས་ལུགས་ཅིག་བརྩམས་ཏེ་ མ་སྤེལ་ཚུན་ཚོད་ མི་ག་གིས་ཡང་ ཁྲོམ་གྱི་ས་ཆའི་རིགས་ རྩ་ལས་སྤྲོད་མ་ཆོག་པའི་ བཀའ་ཤོག་གནང་མི་དང་ ཁྲོམ་ས་གནང་ཐངས་ཀྱི་ བྱ་སྒོའི་ལམ་ལུགས་བཟུམ་ཅིག་སྦེ་ སྤྱི་ལོ་༡༩༩༡ ཟླཝ་༦ པའི་ཚེས་༦ ལུ་ ད་ལྟོའི་བློན་ཆེན་མཆོག་ རྫོང་སྡེ་སྤྱི་ཁྱབ་སྦེ་ བཞུགས་པའི་སྐབས་གནང་མི་ཁྱབ་བསྒྲགས་ དེ་ལས་ སྤྱི་ལོ་༡༩༩༡ ཟླཝ་༧ པའི་ཚེས་༢༤ ལུ་ ཞབས་ཏོག་ལྷན་ཁག་གིས་ ཁྱབ་བསྒྲགས་འབད་མི་ལས་ འགལ་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ང་བཅས་ཀྱིས་ ཐོག་མའི་ཁྲིམས་འདུན་ལུ་ཡང་ གནད་དོན་དེ་ར་ ཞུ་ཡོདཔ་ལས་ ལོག་ཅི་ལོག་ཅི་ རྩོད་འགྲན་འབད་དགོཔ་ཅིག་ མི་མཐོང་པའི་ཁར་ གནད་དོན་དེ་ལས་ལྷག་ བདེན་ཁུངས་བཟང་ནི་མེད་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་ ཞུ་ཡི།
རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་ལུ་ ཁྲོམ་ས་བགོ་བཀྲམ་འབདཝ་ད་ བློན་པོ་མི་འགྱུར་རྡོ་རྗེ་དང་ ཁྲོམ་ས་སྤྲོད་མི་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ རང་སོའི་འགན་ཁུར་ཚུ་ ཚུལ་ལྡན་སྦེ་ མ་འབགཔ་མ་ཚད་ གཞུང་གིས་ ཆ་འཇོག་མཛད་མི་ ཚད་གཞི་དང་ ལམ་སྟོན་ཚུ་དང་ མ་འཁྲིལ་བའི་གུ་ ཞབས་ཏོག་ལྷན་ཁག་གིས་ གཞུང་ལས་གནང་བ་མ་གནང་ཚུན་ ས་སྤྲོད་ནི་དང་ ཐོ་བཀོད་འབད་ནི་ཚུ་ ཕར་ཕུད་རྐྱབ་དགོ་པའི་ ཁྱབ་བསྒྲགས་འབད་མི་ལུ་ཡང་ ཆ་གནས་མ་འབད་བར་ བུམ་ཐང་མཁར་ཆུ་གྲྭ་ཚང་དང་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་ དེ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ འགོ་དཔོན་ཅིག་གི་གནས་ཚང་ ཀུན་བཟང་སྒྲོལ་མ་༣ ལུ་ ས་ཆ་སྤྲོད་ཡོདཔ་ལས་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་ཁྲིམས་ལོ་༡ ཕོག་མི་དེ་ བཙོན་འཐུས་བཏབ་ཆོགཔ་སྦེ་ སྤྱི་ཟླ་༣ པའི་ཚེས་༨ ལུ་ འཁྲུན་ཆོད་གནང་ནུག།
དེ་མ་ཚད་ ཧེ་མ་ལས་ ས་ཆ་དགོ་འདོད་བསྐྱེད་མི་ ཞུ་ཡིག་ཕུལ་མི་༡༢༤ རྒྱབ་སྐྱུར་བཞག་སྟེ་ འཐུས་མི་ཚུ་གིས་ ཤེས་བཞིན་མཐོང་བཞིན་ར་ ཐོབ་ལམ་མེད་མི་ཚུ་ལུ་ ས་ཆ་སྤྲོད་ཡོདཔ་ལས་ མཁར་ཆུ་གྲྭ་ཚང་དང་ དགྲ་མེད་རྩེ་གྲྭ་ཚང་༢ ཀྱི་ ས་ཆ་དེ་ གཞུང་ལུ་ སོར་ཆུད་འབད་དགོཔ་སྦེ་ འཁྲུན་ཆོད་ནང་བཀོད་ནུག།
འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ ཚོགས་ཆུང་ལུ་ ཉེས་པ་འཁྲི་དགོཔ་མེད་པའི་ བདེན་ཁུངས་བཟང་མི་ནང་ ཁྲོམ་སྡེ་བཅའ་ཁྲིམས་༡༩༩༩ ཅན་མའི་དོན་ཚད་༥༡(༢) པའི་ནང་གསལ་ ཁྲོམ་སྡེ་འཛིན་སྐྱོང་གི་ དབང་ཆ་འདི་ ཁྲོམ་སྡེ་ཚོགས་ཆུང་ལུ་ གནང་ཡོདཔ་ལས་ དགྲ་མེད་རྩེ་གྲྭ་ཚང་དང་ མཁར་ཆུ་གྲྭ་ཚང་ དེ་ལས་ ཀུན་བཟང་སྒྲོལ་མ་ལུ་ སྤྲོད་མི་དེ་ ཁྲིམས་མཐུན་ཨིན་པའི་ཁར་ སྤྱི་ལོ་༡༩༨༧ ལུ་གནང་མི་ མི་དབང་མངའ་ཞབས་མཆོག་གི་ བཀའ་རྒྱ་དེ་ ཆ་རྐྱེན་ཅན་གྱི་ བཀའ་རྒྱ་ཨིནམ་ལས་ ཁྲོམ་སྡེ་བཅའ་ཁྲིམས་༡༩༩༩ ཅན་མ་ ཆ་འཇོག་གནང་མི་དང་འཁྲིལ་ རང་བཞིན་གྱིས་ ཆ་མེད་འགྱོཝ་ཨིན་ཟེར་ཞུ་ཡི།
དེ་མ་ཚད་ ས་ཆ་ཚུ་ ཚུལ་མཐུན་སྦེ་ སྤྲོད་ཚར་བའི་ སྒྲུབ་བྱེད་དེ་ཡང་ སྤྱི་ལོ་༢༠༠༣ གྱི་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ གྲོས་ཆོད་བཏོན་མིའི་ནང་ བློན་པོ་མི་འགྱུར་རྡོ་རྗེ་ རྫོང་བདག་སྦེ་ ལྷོད་པའི་སྐབས་ གནས་སོར་སོང་མི་ རྫོང་བདག་ལྷམ་རྡོ་རྗེ་གིས་ རྒྱལ་པོའི་ཞིང་ལུ་ ས་ཆ་བགོ་བཀྲམ་དེ་ གཞུང་གི་ལམ་ལུགས་དང་འཁྲིལ་འབད་ཡོདཔ་ལས་ ཚོང་པ་ཚུ་གིས་ ཚོང་ཁང་དང་ ས་གནས་ཁར་ སྡོད་མི་ཚུ་གིས་ སྡོད་ཁྱིམ་ཚུ་ཡང་ རྐྱབ་ཡོདཔ་སྦེ་ སླབ་ཡོདཔ་ལས་ ས་དགོ་འདོད་བསྐྱེད་མི་ཞུ་ཡིག་༡༢༤ ཡུན་འགྱངས་ཀྱི་གྲངས་སུ་ རྩིས་ལེན་ལེནམ་མིན་འདུག་ཟེར་ རྒྱབ་མི་གིས་ཞུ་ཡི།
དེ་འབདཝ་ལས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ ཆ་མེད་བཏང་ཐོག་ལས་ མཐོ་གཏུགས་པ་ཚུ་ ཉེས་གྲོལ་གནང་དགོ་མི་དེ་ཡང་ ས་ཆ་བགོ་བཀྲམ་ནང་ལས་ ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ ཁེ་ཕན་ཐོབ་ཐོབ་ག་ནི་ཡང་མེད་རུང་ ཉེས་ཁྲིམས་བཀལ་མི་དེ་གིས་ ཞི་གཡོགཔ་ཚུ་ལུ་ དགོངས་ཞུའི་ཐོབ་ལམ་ག་ནི་ཡང་ མེདཔ་འགྱོ་ནི་མས་ཟེར་ རྒྱབ་མི་གིས་ཞུ་ཡི།
རྒྱབ་མི་གིས་འབད་བ་ཅིན་ འཐུས་མི་མང་ཤོས་ར་ ཞི་གཡོགཔ་ཚུ་ཨིན་པའི་ཁར་ ཁོང་ལ་ལུ་ཅིག་ ཞི་གཡོག་ནང་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཞུ་སྟེ་ མི་ལོ་༣༥ སོང་ཡོདཔ་ལས་ ཉེས་མེད་ཚུ་ལུ་ ཁྲིམས་བཀལ་མི་དེ་ རྩ་ལས་ར་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།
ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐོག་མའི་འཁྲུན་ཆོད་ལུ་ གཞི་འཛིན་འབད་དེ་ མཐོ་གཏུགས་ཀྱི་ བཤེར་ཡིག་ཆ་མེད་བཏང་དགོཔ་སྦེ་ ཞུ་ཡི།
ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ རྩ་ཕན་གཉིས་ཆ་རའི་ ཁ་ཐུག་ལས་ གནད་དོན་ཚུ་ ཅོག་འཐདཔ་ཞུ་མི་ལུ་བརྟེན་ སྙན་གསན་མཚམས་འཇོག་འབད་ནི་གི་ གྲོས་འཆར་སླབ་མི་ལུ་ མཐོ་གཏུགས་པ་དང་ རྩོད་རྩ་གིས་ ངོས་ལོན་འབད་ཡོདཔ་ཨིན་རུང་ འཁྲུན་ཆོད་དེ་ ནམ་བཏོན་ནི་ཨིན་ན་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment