གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་དཔོན་གྱིས་ མཐོ་གཏུགས་འབད་དགོ་པའི་ བདེན་ཁུངས་བཟང་ཡོདཔ།

༩/༤/༢༠༡༣   ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉེས་བཤེར་དང་ ཁྲིམས་རྒྱབ་ལོག་ཐོག་ བསྟར་སྤྱོད་འབད་ནི་གི་ དབང་ཚད་མེད་པའི་གསལ་ཞུ།
༉ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ མོང་སྒར་རྫོང་ཁག་གི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དགོ་མི་དེ་ཡང་ ཁྲོམ་ས་ཚུ་ ཁྲོམ་སྡེའི་བཅའ་ཁྲིམས་དང་ ཁྲོམས་སྡེ་ཚོགས་ཆུང་གི་ གྲོས་འདེབས་ཚུ་ལུ་ གཞི་བཞག་སྟེ་ སྤྲོད་ཡོད་རུང་ དེ་ལུ་ ཆ་གནས་མེད་པར་ བཙོན་ཁྲིམས་བཀལ་ནི་དེ་གིས་ཨིན་ཟེར་ རྒྱབ་མི་ཆོས་གྲགས་ཀྱིས་ ཞུ་ཡི།


དེ་ཡང་ ཁ་ཙ་ ཚོགས་དཔོན་གྱི་ རྒྱབ་མི་གིས་ གྲངས་མང་ཁྲིམས་ཁྲིའི་ དྲང་དཔོན་ལྷན་རྒྱས་ལུ་མཐོ་གཏུགས་བཤེར་ཡིག་ཕུལཝ་དང་འབྲེལ་ ངག་ཐོག་ལུ་ ཞུ་མིའི་ནང་ དངམ་གཅིག་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ རྩོད་དོན་འདི་ ཉེས་བཤེར་འབད་ནི་གི་ དབང་ཚད་མེད་པའི་ཁར་ རྩོད་བཤེར་འབད་མི་དེ་ རྩ་ཁྲིམས་ཆེན་མོ་དང་ འབྲུག་གི་ཁྲིམས་ཡིག་གཞན་ཚུ་ལས་ འགལ་བའི་ ལཱ་བྱ་ཅིག་ཨིནམ་ལས་ འབྲུག་གི་ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་༢༠༠༡ གི་དགོངས་དོན་དང་འཁྲིལ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཆ་མེད་གཏང་དགོ་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༨ ལུ་བཏོན་མི་ ཐོག་མའི་འཁྲུན་ཆོད་དང་འཁྲིལཝ་ད་ ཚོགས་དཔོན་གྱིས་ སྤྱི་ལོ་༡༩༩༨-༢༠༠༢ ལུ་ མོང་སྒར་རྫོང་བདག་དང་ རྒྱལ་པོའི་ཞིང་ཁྲོམ་ས་བགོ་བཀྲམ་གྱི་ ཁྲི་འཛིན་སྦེ་ བཞུགས་པའི་སྐབས་ལུ་ ཁོ་རའི་གཡོགམོ་རྩིས་ཏེ་ མི་གྲངས་༢༣ ལུ་ ཚུལ་མིན་ཐོག་ལས་ ས་ཆ་བདག་དབང་གི་ ཆ་འཇོག་ལག་ཁྱེར་སྤྲོད་ནུག་ཟེར་ བཀོད་ཡོདཔ་ད་ དེ་ཡང་ ཁྲོམ་ས་སྤྲོདཔ་ད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་༡༩༨༧ ཟླཝ་༣ པའི་ཚེས་༣༡ ལུ་ ས་ཆའི་ཁྱད་ཚད་དང་ ལམ་སྟོན་གནང་མི་ བཀའ་རྒྱ་དེ་ སྣང་མེད་རྒྱབ་སྐྱུར་བཞག་ཡོད་པའི་ཁར་ ཞབས་ཏོག་ལྷན་ཁག་གིས་ གཞུང་ལས་གནང་བ་མ་གནང་ཚུན་ རྫོང་ཁག་ནང་ ས་ཆ་སྤྲོད་ནི་དང་ ཐོ་བཀོད་འབད་ནི་ཚུ་ག་ར་ ཕར་ཕུད་རྐྱབ་བཞག་དགོ་པའི་ ཁྱབ་བསྒྲགས་ལུ་ཡང་ མ་གནས་པས་ཟེར་ཨིན་པས།
རྒྱབ་མི་གིས་འབད་བ་ཅིན་ མཐོ་གཏུགས་པ་གིས་ ལོ་༡༣ གྱི་ཧེ་མར་ ས་ཆ་ཚུ་ ཐག་རང་བཅད་ཀྱི་ཐོག་ལས་མིན་པར་ དེ་བསྒང་ལག་ལེན་འཐབ་བཞིན་དུ་ཡོད་པའི་ གཞུང་ཞབས་ཀྱི་ བཀའ་རྒྱ་ཚུ་དང་ གཞུང་གི་ བྱ་སྒོའི་ལམ་ལུགས་ཚུ་དང་འཁྲིལ་ སྤྲོད་ཡོདཔ་ལས་ ཁྲིམས་ལུགས་ལས་ འགལ་འགལཝ་མིན་འདུག་ཟེར་ཨིན་པས།
ས་ཆ་ཚུ་ཡང་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ གྲོས་འདེབས་བཀོད་མི་ལུ་ གཞི་བཞག་སྟེ་དང་ སྤྱི་ལོ་༡༩༨༧ ལུ་ མི་དབང་མངའ་ཞབས་མཆོག་གིས་གནང་མི་ བཀའ་ཤོག་དང་ དེ་དང་འཁྲིལ་ སྤྱི་ལོ་༡༩༩༡ ལུ་ རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་བཀའ་རྒྱ་དང་ ཞབས་ཏོག་ལྷན་ཁག་གི་ཁྱབ་བསྒྲགས་ དེ་ལས་ སྤྱི་ལོ་༡༩༩༩ གི་ཁྲོམ་སྡེ་བཅའ་ཁྲིམས་དང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གིས་བཟོ་མི་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ སྤྲོད་ནུག་ཟེར་ རྒྱབ་མི་གིས་ཞུ་ཡི།
དེ་མ་ཚད་ ས་ཆ་མ་ཐོབ་པའི་སྐོར་ མི་ཕུད་རྡོག་གཅིག་གིས་ར་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ སྙན་ཞུ་དང་ ཡང་ཅིན་ ཉོགས་བཤད་བཀོད་བཀོདཔ་མེདཔ་ལས་ མཐོ་གཏུགས་པ་ལུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་མི་དེ་ གཞི་ཁུངས་མིན་འདུག་ཟེར་ཨིན་པས།
དེ་ལས་ ས་ཆ་ལ་ལུ་ཅིག་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ མཁོ་སྒྲུབ་མ་འབད་བའི་ གཞུང་ས་ནང་ལས་ཡང་ སྤྲོད་ཡོདཔ་མ་ཚད་ གཞུང་གིས་ ཆ་འཇོག་གནང་ཡོད་པའི་ ཚད་གཞི་དང་ ལམ་སྟོན་ཚུ་དང་འཁྲིལ་ ས་ཆ་བགོ་བཀྲམ་འབད་མི་ཚུ་ཡང་ སའི་རྒྱ་ཚད་ཆུང་ཀུ་དང་ ལ་ལུ་ཅིག་ལུ་ རྒྱ་ཚད་སྦོམ་སྦེ་སྤྲོད་ནུག་ཟེར་ ཉེས་འཛུགས་འབད་མིའི་ཐད་ལུ་ རྒྱབ་མི་གིས་འབད་བ་ཅིན་ ཚོགས་དཔོན་དེ་ མོང་སྒར་རྫོང་བདག་སྦེ་ བཞུགས་པའི་སྐབས་ ཀུར་རི་ཆུ་གློག་མེ་ལས་འགུལ་དང་ ཡང་ཅིན་ རྒྱལ་པོའི་ཞིང་ཁྲོམ་གྱི་དོན་ལུ་ གྲོང་གཡུས་མི་སེར་ཚུ་ལས་ ས་ཆ་མཁོ་སྒྲུབ་འབད་འབདཝ་མེད་པའི་ཁར་ རྒྱལ་པོའི་ཞིང་གི་ ཁྲོམ་ས་དེ་ ཀུར་རི་ཆུ་ལས་འགུལ་གྱིས་ ལེན་མི་རྐྱངམ་གཅིག་ནང་ ཁྲོམ་གོང་འཕེལ་དོན་ལུ་ ལག་ལེན་འཐབ་ནུག་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མཐོ་གཏུགས་པ་ལུ་ དབང་ཤུགས་ཅན་དང་ འབྱོར་པ་ཅན་ཚུ་ལུ་ གཞུང་ས་སྤྲོད་ནུག་ཟེར་ ཉེས་འཛུགས་འབད་མི་དེ་ གཞི་ཁུངས་མེད་མི་དེ་ཡང་ གཙང་ཆུའི་ཕར་ཁ་ཡོད་མི་ས་དེ་ཡང་ ལས་འགུལ་གྱི་ཨིནམ་ལས་ གཞུང་ས་མེན་ཟེར་ རྒྱབ་མི་གིས་ཞུ་ཡི།
ད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་ལས་ ས་ཆ་ཉོ་མི་ཆ་མཉམ་ལུ་མིན་པར་ བློན་ཆེན་དང་ ད་ལྟོའི་གཞུང་གི་ བློན་པོ་གཞན་ཚུ་ གདམ་ཁ་རྐྱབ་སྟེ་ ཉེས་འཛུགས་འབད་ཡོད་རུང་ ཆེ་རིམ་ཅན་གཞན་ཚུ་དང་ ཡིག་ཆ་རྫུས་མ་བཙུགས་ཡོད་པའི་དོགས་པ་ཡོད་མི་ མི་ངོ་ཚུ་ལུ་ ཉེས་འཛུགས་མ་འབད་མི་དེ་ རྣམ་དག་དང་ དྲང་སྙོམས་མིན་པའི་ གསལ་སྟོན་འབདཝ་མས་ཟེར་ རྒྱབ་མི་ཆོས་གྲགས་ཀྱིས་ཞུ་ཡི།
འདི་འབདཝ་ལས་ ཚོགས་དཔོན་ལུ་ ཉེས་འཛུགས་བཀལ་མི་ཚུ་ག་ར་ ཁྲིམས་མཐུན་མེནམ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ ཆ་མེད་གཏང་དགོ་ཟེར་ ཞུ་ཡོདཔ་ད་ ཐོག་མའི་ཁྲིམས་འདུན་གྱིས་ ཚོགས་དཔོན་ལུ་ ཉེས་འཛུགས་ཁག་༢༣ གྱི་བཙོན་ཁྲིམས་ ལོ་༢ དང་ཟླཝ་༦ བཀལ་ཡོདཔ་ཨིན་པས།
ཚོགས་དཔོན་གྱིས་ རྫོང་བདག་སྦེ་བཞུགསཔ་ད་ རྒྱལ་པོའི་ཞིང་གི་ས་ཆ་ གོ་རིམ་དང་པ་ སྤྱི་ལོ་༡༩༩༩ ཟླཝ་༢ པའི་ཚེས་༢༡ ལུ་ བགོ་བཀྲམ་འབད་བའི་སྐབས་ ཚོང་འབྲེལ་ས་ཆ་༡༩ བགོ་སྤྲོད་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༡ ཟླཝ་༦ པའི་ཚེས་༡ ལུ་ ཚོང་འབྲེལ་ས་ཆའི་དོན་ལུ་ ཞུ་ཡིག་བཙུགས་མི་༤༣ ཡོད་ས་ལས་ མི་ངོ་༢༦ ལུ་ བགོ་བཀྲམ་འབད་ཡོད་པའི་ཁར་ ཁྱིམ་སའི་དོན་ལུ་ ཞུ་ཡིག་བཙུགས་མི་༨༩ ལས་ མི་ངོ་༤༡ ལུ་ ཁྱིམ་ས་བགོ་བཀྲམ་འབད་ཡོདཔ་ད་ སྤྱི་ལོ་༢༠༠༢ ཟླཝ་༣ པའི་ཚེས་༡ ལུ་ ཁྲོམ་ས་༧ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཚོང་འབྲེལ་ས་ཁོངས་ནང་ ཞུ་ཡིག་བཙུགས་མི་རེ་ལུ་ སྤྱིར་བཏང་ཚད་གཞི་དེ་ ཌིསི་༧.༢༦ ཨིན་རུང་ རྩོད་ཟླ་གིས་ ལ་ལུ་ཅིག་ལུ་ ཁྲོམ་ས་ཌིསི་༡༤.༥༧ དང་ ཁྱིམ་ས་ཌིསི་༡༠.༦༧ དང་༥༠ གི་བར་ན་ བགོ་སྤྲོད་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་གྱི་ བཤེར་ལན་དེ་ སྤྱི་ཟླ་༤ པའི་ཚེས་༡༢ ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment