གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཇིགས་མེད་བློ་གསལ་སློབ་གྲྭ་ཆུང་བའི་ནང་ གཞུང་ཁ་སློབ་དཔོན་ མ་ལང་པའི་དཀའ་ངལ།

༢/༤/༢༠༡༣   ༉ ཐིམ་ཕུ་ཁྲོམ་ཁར་ཡོད་མི་ འཇིགས་མེད་བློ་གསལ་སློབ་གྲྭ་ཆུང་བའི་ནང་ སློབ་རིམ་བློ་གསར་ལས་ སློབ་རིམ་༦ པ་ཚུན་ སློབ་ཕྲུག་བསྡོམས་ཀྱིས་༨༣༥ དེ་ཅིག་ཡོདཔ་ཨིན་རུང་ རྫོང་ཁག་སློབ་དཔོན་༢ ལས་བརྒལ་མེད་ནི་དེ་གིས་ སློབ་དཔོན་མ་ལང་པའི་དཀའ་ངལ་ ཐོན་ཏེ་ཡོདཔ་ཨིན་པས།


སློབ་གྲྭའི་དབུ་འཛིན་ ཆོས་སྐྱིད་འབྲུག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་གཉིས་ཀྱི་རིང་ དཀའ་ངལ་དེ་ ཐོན་བཞིན་དུ་ར་ ཡོདཔ་ཨིན་རུང་ ད་ལྟོ་ གཏན་འཇགས་ཀྱི་ རྫོང་ཁ་སློབ་དཔོན་ ཐེབས་མ་ལྷོད་ཟེར་ཨིན་པས།
དཀའ་ངལ་དེ་གི་སྐོར་ལས་ མོ་གིས་བཤད་དོ་བཟུམ་འབད་བ་ཅིན་ ཁྲོམ་སྡེ་ཤེས་རིག་ལས་ཁུངས་ལུ་ ཞུ་བ་འབད་ཡོད་རུང་ ཐོབ་ནི་མེདཔ་ལས་ ན་ཧིང་ སྤྱི་ལོ་༢༠༡༢ ལུ་ སློབ་གྲྭ་གི་ ཕན་བདེ་མ་དངུལ་ལག་ལེན་འཐབ་སྟེ་ གནས་སྐབས་ཀྱི་དོན་ལུ་ ཟླ་རིམ་དངུལ་ཕོགས་༣༠༠༠ རེ་བྱིན་ཏེ་ དགེ་སློང་ཅིག་ བཙུགས་ཅི་ཟེར་ཨིན་པས།
ཕན་བདེ་མ་དངུལ་གྱིས་ ལང་མ་ཚུགས་མི་ལུ་བརྟེན་ ལོ་དེ་གི་ཤུལ་ལས་ འཕྲོ་མཐུད་བཙུགས་མ་ཚུགས་པར་ ལུས་ཡོདཔ་ད་ དབུ་འཛིན་གྱིས་ དཀའ་ངལ་བསལ་ཐབས་ལུ་ དེ་བཟུམ་མའི་ ཐབས་ཤེས་བཏོན་ཡོད་རུང་ སློབ་སྟོན་གྱི་སྦྱང་བ་མེདཔ་ལས་ ཁེ་ཕན་སྦོམ་ཅིག་ མ་མཐོང་ཟེར་ཨིན་པས།
དཀའ་ངལ་བསལ་ཐབས་ལུ་ ད་རུང་ འཕྲལ་ཁམས་ཅིག་ཁར་ སློབ་རིམ་༡༢ པ་མཐར་འཁྱོལ་མི་༢ ལྷོད་མི་ལས་ ཅིག་གིས་ སློབ་རིམ་གཉིས་པའི་ནང་ སློབ་སྟོན་འབད་དོ་ཡོད་རུང་ རྫོང་ཁ་སློབ་དཔོན་གཉིས་ཀྱིས་ སློབ་རིམ་༥ པ་དང་༦ པ་ཚུ་ནང་ བདུན་ཕྲག་ཅིག་ནང་ ཐུན་ཚད་༢༤ རེ་ སློབ་སྟོན་འབད་དགོཔ་ལས་ སློབ་ཁང་གཞན་ཚུ་ནང་ སློབ་སྟོན་འབད་ཐབས་ར་ མིན་འདུག་ཟེར་ཨིན་པས།
སློབ་དཔོན་མ་ལང་ནི་དེ་གིས་ སློབ་རིམ་༣ པ་ཚུན་ སྤྱིར་བཏང་སློབ་དཔོན་ཚུ་གིས་ སྟོན་དོ་ཡོདཔ་ལས་ སྤྱིར་བཏང་སློབ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྫོང་ཁ་གི་ སྦྱང་བ་མེདཔ་ལས་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
དཀའ་ངལ་དེ་གི་སྐོར་ལས་ ཁྲོམ་སྡེ་ཤེས་རིག་ལས་ཁུངས་ནང་ ཞུ་བ་འབད་ཡོད་རུང་ ད་ཚུན་ སློབ་དཔོན་མ་ལྷོད་ཟེར་ཨིནམ་ད་  ཁྲོམ་སྡེའི་ཤེས་རིག་འགོ་དཔོན་ ཨོ་རྒྱན་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ བློ་གསར་ལས་ སློབ་རིམ་གསུམ་པ་ཚུན་ སྤྱིར་བཏང་གི་ སློབ་དཔོན་ཚུ་གིས་ སྟོན་དགོཔ་སྦེ་ ཤེས་རིག་གི་སྲིད་བྱུས་ནང་ བཀོད་དེ་ཡོད་ཟེར་ཨིནམ་ད་ དཀའ་ངལ་དེ་གི་དོན་ལུ་ ཁྲོམ་སྡེ་ནང་འཁོད་ལས་ རྫོང་ཁའི་སློབ་དཔོན་གསརཔ་ཅིག་ འཕྲལ་མགྱོགས་ར་ གཏང་ནིའི་དོན་ལུ་ གྲ་སྒྲིག་བཟོ་ཚར་ཡོདཔ་ལས་ ཞག་དག་པ་ཅིག་གི་ནང་འཁོད་ལུ་ར་ ལྷོད་འོང་ཟེར་ཨིན་པས།
གཞན་མི་ སྤྱིར་བཏང་སློབ་དཔོན་ཅིག་གིས་ སྦྱོང་བརྡར་འབད་བའི་སྐབས་ གཞན་ཆོས་ཚན་ནང་འབད་ཡོདཔ་ལས་ སློབ་རིམ་ཆུང་བའི་ནང་ ཁ་གིས་སླབ་སྟེ་ སློབ་སྟོན་འབད་ནི་དེ་ འཇམ་དོ་ཡོད་རུང་ ཡང་དག་སྦེ་ སློབ་སྟོན་འབད་ཚུགས་ནི་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།
ཁྲོམ་སྡེ་ནང་འཁོད་ཀྱི་ སློབ་གྲྭ་གཞན་ཚུ་ནང་ རྫོང་ཁ་སློབ་དཔོན་གྱི་དཀའ་ངལ་མེདཔ་ལས་ སློབ་གྲྭ་དེ་ནང་ རྫོང་ཁ་སློབ་དཔོན་དང་ དབུ་འཛིན་རྩིས་ཏེ་ སློབ་དཔོན་༣༠ ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment