གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐོག་མའི་ཁྲིམས་འདུན་གྱི་ གྲོས་ཆོད་བསྒྱུར་བཅོས་ཐོག་ རྩོད་དོན་ཆ་མེད་གཏང་དགོཔ།

༡༠/༤/༢༠༡༣  མི་ངོ་༡༤ ལུ་ ས་ཆའི་རྒྱ་ཚད་སྦོམ་དང་༨ ལུ་ ཆུང་སུ་བགོ་སྤྲོད་འབད་མི་ཚུ་ ཚོགས་ཆུང་གི་ གྲོས་འདེབས་དང་འཁྲིལ་ཏེ་ཨིན་པའི་ཁུངས་གསལ།
༉ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ལུ་ ཁེ་རྒུད་མ་བཏུབ་པའི་ གནད་དོན་གཙོ་བོ་ར་ མོང་སྒར་རྒྱལ་པོའི་ཞིང་ལས་ མི་ངོ་༢༣ ལུ་ ཚུལ་མིན་ཐོག་ལས་ ས་ཆ་བདག་དབང་གི་ ཆ་འཇོག་ལག་ཁྱེར་སྤྲོད་ནུག་ཟེར་ རྫོང་ཁག་ཁྲིམས་འདུན་གྱིས་ ཁྲིམས་གཞུང་ཆེན་མོ་ན་༡-༢ པའི་དགོངས་དོན་ལྟར་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ བཀལ་ནི་དེ་གིས་ཨིན་ཟེར་ སྤྱི་ཟླ་༤ པའི་ཚེས་༨ ལུ་ ཚོགས་དཔོན་གྱི་རྒྱབ་མི་ ཆོས་གྲགས་ཀྱིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ སྟ་གོན་སྙན་གསན་ནང་ཞུ་ཡི།


ཆོས་གྲགས་ཀྱིས་འབད་བ་ཅིན་ ཐོག་མའི་ཁྲིམས་འདུན་ནང་ ས་ཆ་ཚུ་ གཞུང་གིས་ ཆ་འཇོག་གནང་ཡོད་པའི་ ཚད་གཞི་དང་ ལམ་སྟོན་ཚུ་དང་འཁྲིལ་ སྤྲོད་མི་ཚུ་ ཚོགས་དཔོན་ཁོ་ར་གིས་ ཐག་རང་བཅད་ཐོག་ལས་མིན་པར་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ གནང་བ་གྲུབ་པའི་ མིང་རྟགས་བཀོད་མི་ཚུ་ སྒྲུབ་བྱེད་སྦེ་ ཕུལ་མི་དེ་ལུ་ ངོས་ལེན་མཛད་མ་བཏུབ་པས་ཟེར་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ཨང་༦.༡ དང་འཁྲིལ་བ་ཅིན་ ཚོགས་དཔོན་དེ་ སྤྱི་ལོ་༡༩༩༨-༢༠༠༢ ལུ་ མོང་སྒར་རྫོང་བདག་སྦེ་ བཞུགས་པའི་སྐབས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་ཚུ་ ཚུལ་མིན་ཐོག་ སྤྲོད་ཡོད་པའི་ཁར་ ས་ཆ་སྤྲོད་མི་ཚུ་ཡང་ གཅིག་མཚུངས་སྦེ་མ་སྤྲོད་པར་ མི་ངོ་༡༤ ལུ་ སའི་རྒྱ་ཚད་སྦོམ་དང་༨ ལུ་ སའི་རྒྱ་ཚད་ཆུང་ཀུ་སྤྲོད་པའི་ཁར་ རྒྱན་ཤོག་མ་འཐུ་བར་དང་ ཡང་ཅིན་ ཚོགས་ཆུང་གི་ འཐུས་མི་ཚུ་ ངོ་འཛོམས་ཐོག་ སྤྲོད་སྤྲོདཔ་མིན་འདུག་ཟེར་ཨིན་པས།
དེ་ཡང་ ༡) ཐིམ་ཕུ་དབང་ཕྱུག་བཟའ་ཁང་གི་ ཨམ་བཙན་སྐྱོགས་ཚེ་རིང་། ༢) བཀྲིས་སྒང་མཁའ་གླིང་ལས་ འཆི་མེད་སྒྲོལ་མ། ༣) བཀྲིས་སྒང་ར་ལྡི་ལས་ འཇིགས་མེད་ཆོས་སྒྲོན། ༤) ཐིམ་ཕུ་ལས་ བློན་པོ་ཡེ་ཤེས་སྦྱིན་པ། ༥) བཀྲིས་སྒང་ཕོངས་མེད་ལས་ ཉི་མ་བཟང་མོ། ༦) ཐིམ་ཕུ་ལས་ བསོད་ནམས་ལྷ་སྒྲོན། ༧) ཐིམ་ཕུ་ལས་ བསོད་ནམས་ནོར་བུ། ༨) ཐིམ་ཕུ་ལས་ བསོད་ནམས་སྟོབས་རྒྱས། ༩) མོང་སྒར་བཀའ་དམ་ལས་ བསོད་ནམས་དབྱངས་ཅན། ༡༠) ཐིམ་ཕུ་ལས་ ཨྱོན་འཇམ་དབྱངས་བསྟན་འཕེལ། ༡༡) མོང་སྒར་འབྲས་སྤུངས་ལས་ དྲང་དཔོན་བགྲེསཔ་ འཇིགས་མེད་བཟང་པོ། ༡༢) ཐིམ་ཕུ་ལས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས། ༡༣) ཐིམ་ཕུ་ལས་ བློན་པོ་ལས་སྐྱིད་རྡོ་རྗེའི་བུམོ་ བསོད་ནམས་ལས་སྐྱིད་རྡོ་རྗེ། ༡༤) མོང་སྒར་ལས་ ཚེ་རིང་བཟང་མོ་ཚུ་ལུ་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཆ་འཇོག་འབད་དེ་ ས་ཆ་སྤྲོད་ཡོདཔ་ཨིན་རུང་ མཐོ་གཏུགས་རྐྱངམ་གཅིག་ལུ་ ཉེས་འཛུགས་འབད་མི་དེ་ ཁེ་རྒུད་མ་བཏུབ་ཟེར་ རྒྱབ་མི་ཆོས་གྲགས་ཀྱིས་ཞུ་ཡི།
བཙན་སྐྱོགས་ཚེ་རིང་དང་ དྲང་དཔོན་བགྲེསཔ་ འཇིགས་མེད་བཟང་པོ་༢ ཀྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་དགོ་ནིའི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ད་ གཞན་ཚུ་གིས་ སྡོད་ཁྱིམ་ས་ཚན་གྱི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ད་ ཁྲོམ་སའི་རྒྱ་ཚད་ ཕིཊ་གྲུ་བཞི་༣,༡༦༣.༤༤ ཨིན་རུང་ ཕིཊ་གྲུ་བཞི་༥,༠༦༡.༥༠ སྤྲོད་ཡོདཔ་མ་ཚད་ ཁྱིམ་སའི་ཚད་གཞི་ ཕིཊ་གྲུ་བཞི་༤,༦༤༨.༣༢ ཨིན་རུང་ ཕིཊ་གྲུ་བཞི་༧,༨༦༥.༧༨ ལས་༤༣,༥༦༠ ཚུན་ སྤྲོད་ཡོདཔ་ཨིན་པས།
རྒྱབ་མི་གིས་འབད་བ་ཅིན་ ས་ཆ་ཚུ་ གཞུང་གི་ཚད་གཞི་དང་ གནང་བ་གྲུབ་པའི་ ཁྲོམ་སྡེ་འཆར་གཞི་ལུ་ གཞི་བཞག་སྟེ་ སྤྲོད་ཡོདཔ་མ་ཚད་ དེ་བསྒང་ ཞབས་ཏོག་ལྷན་ཁག་གི་ བཀའ་རྒྱ་དང་ ལམ་སྟོན་ཚུ་ནང་ སའི་རྒྱ་ཚད་གཅིག་མཚུངས་སྤྲོད་དགོཔ་སྦེ་ གསལ་བཀོད་འབད་འབདཝ་མེདཔ་ལས་ སའི་རྒྱ་ཚད་སྦོམ་སྤྲོད་ནུག་ཟེར་ ཁ་ཉེས་བཀལ་མི་ལུ་ ཁྲིམས་ཀྱི་གཞི་ཁུངས་མིན་འདུག་ཟེར་ཨིན་པས།
བཙན་སྐྱོགས་ཚེ་རིང་དེ་ དེ་བསྒང་ ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ ཚེ་རིང་རྡོ་རྗེ་གི་བུམོ་ཨིན་པའི་ཁར་ བསོད་ནམས་ལས་སྐྱིད་རྡོ་རྗེ་དེ་ ཞབས་ཏོག་བློན་པོ་ ལས་སྐྱིད་རྡོ་རྗེ་གི་ བུམོ་ཨིནམ་ལས་ ཁོང་གཉིས་ཆ་ར་གིས་ ས་དགོ་འདོད་ཀྱི་ ཞུ་ཡིག་བཙུགས་ཏེ་ བུམོ་གི་མིང་ཐོག་ཁར་ ས་ཆ་ཐོབ་མི་ལུ་ ངོས་ལེན་འབད་མི་དེ་ ས་ཆ་བགོ་སྤྲོད་ཚུ་ རྣམ་དག་དང་ ཁྲིམས་མཐུན་ཐོག་འབད་ཡོད་པའི་ བརྡ་མཚོན་ཨིན་མི་དེ་ཡང་ གལ་སྲིད་ ཚུལ་མཐུན་དང་ ཁྲིམས་མཐུན་མེན་པ་ཅིན་ ཞབས་ཏོག་བློན་པོ་དང་ དྲུང་ཆེན་གཉིས་ཀྱིས་ ས་ཆ་ངོས་ལེན་མ་འབད་བར་ ཐད་ཀར་དུ་ ས་ཆ་བགོ་སྤྲོད་འབད་མི་ ཆ་མཉམ་ར་ ཆ་མེད་བཏང་བཏངམ་འོང་ཟེར་ རྒྱབ་མི་ཆོས་གྲགས་ཀྱིས་ གྲངས་མང་ཁྲིམས་ཁྲི་ལུ་ཞུ་ཡི།
དེ་ལས་ མི་ངོ་༨ ལུ་ ཚོགས་ཆུང་གི་ འཐུས་མི་ཚུ་གི་ མིང་རྟགས་མེད་པར་ ས་ཆ་སྤྲོད་ཡོད་མི་ཚུ་ཡང་ ༡) བཀྲིས་སྒང་མཁའ་གླིང་ལས་ ཟླ་བ་བཟང་མོ། ༢) བཀྲིས་གཡང་རྩེ་ལས་ བྱང་ཆུབ་སྒྲོལ་མ། ༣) མོང་སྒར་བཀའ་དམ་ལས་ པདྨ་དབང་མོ། ༤) བཀྲིས་སྒང་བསམ་མཁར་ལས་ ལིང་དཔོན་རིག་འཛིན་རྡོ་རྗེ། ༥) ལྷུན་རྩེ་སྨིན་རྗེ་ལས་ ཚེ་རིང་དཔལ་ལྡན། ༦) བཀྲིས་སྒང་ཝམ་རོང་ལས་ རྒྱལ་མཚན་དབང་འདུས། ༧) མོང་སྒར་ལས་ བསོད་ནམས་རྒྱལ་མཚན། ༨) པདྨ་དགའ་ཚལ་ལས་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱི་བུམོ་ པདྨ་ཆོས་སྒྲོན་ཚུ་ཨིན་པས།
གོ་རིམ་༢ པ་དང་༣ པའི་ནང་སྤྲོད་མི་ ས་ཆ་དེ་ཚུ་ཡང་ དང་པ་ར་ ཞུ་ཡིག་བཙུགས་མིའི་ ཐོ་ནང་བཙུགས་ཐོག་ལས་ ཚོགས་ཆུང་གིས་ ཆ་འཇོག་གྲུབ་མི་དང་འཁྲིལ་ ཁྲི་འཛིན་གྱིས་ ས་ཆ་བདག་དབང་གི་ ལག་ཁྱེར་སྤྲོད་ཡོད་རུང་ ཚོགས་དཔོན་ལུ་ ཁ་རྗེའི་རྒྱན་ཤོག་མ་འཐུ་བ་དང་ ཡང་ཅིན་ ཚོགས་ཆུང་གི་ འཐུས་མི་ཚུ་ ངོ་འཛོམས་ཐོག་ བགོ་སྤྲོད་མ་འབད་བས་ཟེར་ ཉེས་འཛུགས་འབད་མི་ལུ་བརྟེན་ མཐོ་གཏུགས་པ་ལུ་ ཁེ་རྒུད་མ་བཏུབ་ཟེར་ རྒྱབ་མི་གིས་ཞུ་ཡི།
དེ་མ་ཚད་ ས་ཆའི་དོན་ལུ་ ཞུ་ཡིག་བཙུགས་མི་ མི་ངོ་ཁོང་ར་གིས་ མིང་རྟགས་བཀོད་ཡོདཔ་ལས་ ཡིག་ཆ་རྫུས་བཟོའི་ ཉེས་པ་འཁྲི་དགོཔ་མེདཔ་ལས་ ཚོགས་དཔོན་ལུ་ ཉེས་འཛུགས་འབད་མི་ཚུ་ ཁྲིམས་ཀྱི་གཞི་ཁུངས་མེདཔ་ལས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ བསྒྱུར་བཅོས་ཐོག་ རྩོད་གཞི་དེ་ ཆ་མེད་གཏང་གནང་དགོཔ་སྦེ་ ཆོས་གྲགས་ཀྱིས་ ཞུ་ཡི།
དེ་གི་བཤེར་ལན་ཚུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རེས་གཟའ་སྤེན་པ་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment