གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོལ་རས་བསྒྱུར་བཅོས་འབད་དགོ་པའི་བསམ་འཆར།

༡༢/༤/༢༠༡༣  ༉ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་རྟགས་ཀྱི་ མདའ་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་གིས་ འགོ་འདྲེན་འཐབ་མི་ འབྲུག་མདའ་རྩེད་ཚོགས་པ་ལུ་ གསོལ་རས་ཚུ་ བསྒྱུར་བཅོས་འབད་དགོཔ་སྦེ་ སླབ་ཨིན་པས།
ལུང་བསྟན་སྣུམ་འཁོར་བཅོས་ཁང་ལས་ རྩེད་འགྲན་འབད་མི་ བསྟན་འཛིན་དབང་ཕྱུག་གིས་ མདའ་རྐྱབ་མི་དེ་ འབའ་སྐྱོར་གུར་ ཕོག་མ་ཕོག་ལྟ་བའི་བསྒང་།


དེ་ཡང་ ཕྱག་རི་བཙན་ལས་ རྩེད་འགྲན་འབད་མི་ མགོནམོ་རྡོ་རྗེ་གིས་ བསམ་འཆར་བཀོད་མི་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ རང་ལུགས་སྤག་ཤིང་གི་ མདའ་གཞུའི་ཐོག་ལས་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་མདའ་རྩེད་ཚོགས་པ་གིས་ ཁྱེགས་སྒྲོམ་དང་ གོ་ལ་འཁྱུ་མི་འཕྲུལ་ཆས་ དེ་ལས་ རྒྱང་མཐོང་ཊི་བི་ཚུ་ལས་བརྒལ་བའི་ གསོལ་རས་གཞན་ བྱིན་ནི་མིན་འདུག་ཟེར་ཨིན་པས།
གསོལ་རས་ཚུ་ རང་ལུགས་ཀྱི་ཅ་ཆས་ སྐུ་རྟེན་གསུང་རྟེན་དང་འབྲེལ་བའི་ གསོལ་རས་ག་ཅི་ར་ཨིན་རུང་ རང་ལུགས་ལུ་གཙོ་བོ་བཏོན་མི་ཅིག་ གནང་ཚུགས་པ་ཅིན་ དང་པ་ རང་ལུགས་ཀྱི་ཁྱད་ཆོས་ཚུ་ གོང་འཕེལ་གཏང་ཚུགས་པའི་ཁར་ རྩེད་འགྲན་འབད་མི་ཚུ་ལུ་ སྤྲོ་བ་ཐེབས་འབྱུང་ནི་མས་ཟེར་ཨིན་པས།
རྒྱལ་ཡོངས་ཀྱི་འབའ་སྐྱོར་ནང་ ལྕགས་ཀྱི་དར་ཤིང་འཕྱར་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ རང་ལུགས་ཚར་ལུ་བརྟེན་བཟོ་མིའི་མདའ་ གོང་ཚད་སྦོམ་གནས་མི་ཚུ་ འདི་གུ་ཕོག་སྟེ་ ཆག་འགྱོཝ་ད་ དཀའ་ངལ་འདུག་ཟེར་ཨིན་པས།
འབྲུག་མདའ་རྩེད་ཚོགས་པའི་ དྲུང་ཆེན་འོགམ་ འགྱུར་མེད་དབང་འདུས་ཀྱིས་ སླབ་མིའི་ནང་ རྩེད་འགྲན་མ་འབད་བའི་ཧེ་མ་ སྡེ་ཚན་གྱི་ དོ་དམ་ཚུ་དང་གཅིག་ཁར་ གྲོས་འཚོགས་འབད་བའི་སྐབས་ དཀའ་ངལ་དང་ བྱ་སྟབས་མ་བདེཝ་ཡོད་ལུགས་ཚུ་ སླབ་དོགཔ་ཨིན་རུང་ ལོ་རྒྱུས་ག་ནི་ཡང་མ་ཐོནམ་ལས་ རྩེད་འགྲན་མཇུག་བསྡུ་རན་ཁར་ལྷོདཔ་ད་ བསྒྱུར་བཅོས་འབད་མི་ཚུགས་ཟེར་ཨིན་པས།
ཁ་ཙ་ ཀོ་ཊར་ཕའི་ནཱལ་རྩེད་འགྲན་ནང་ ཕྱག་རི་བཙན་གྱིས་ སྐུགས་༢ སྦྱེལཝ་སྦྱེལ་ས་ཆོད་དེ་ ལུང་བསྟན་སྣུམ་འཁོར་བཅོ་ཁང་སྡེ་ཚན་ལས་ རྒྱལ་ཁ་ཐོབ་མི་ལུ་བརྟེན་ མཐའ་བཅད་འོག་མའི་རྩེད་འགྲན་ནང་ ལྷོད་ཡོདཔ་ད་ འབའ་སྐྱོར་གཞན་མིའི་ནང་ དངུལ་རྩིས་ལྷན་ཁག་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་སྡེ་ཚན་༢ ཀྱི་བར་ན་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ། 

བཀྲིས་ཕུན་ཚོགས།

No comments:

Post a Comment