གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༢/༤/༢༠༡༣   སྤྲོ་སྟོན་དང་ རྩེད་སྟོན་ལས་རིམ་ཚུ་གི་ ལམ་ལུགས་ཁ་གསལ་མེད་པའི་ནོར་སྐྱོན།
 ༉ བདུན་ཕྲག་འདི་ནང་ རྫོང་ཁག་དང་ ཆེ་མཐོ་ཁྲིམས་འདུན་གཉིས་ཆ་ར་གིས་ སྤྲོ་སྟོན་དང་ རྩེད་འགྲན་འགོ་འདྲེན་འཐབ་མི་གཉིས་ལུ་ ཉེས་ཁྲིམས་དང་ ཉེས་བྱ་བཀལ་མི་དེ་ བཅའ་མར་གཏོགས་མི་དང་ མི་མང་ལུ་ མགུ་སྐོར་རྐྱབ་མི་ལུ་བརྟེན་ཨིན་མས།


འདི་བཟུམ་མའི་ མགུ་སྐོར་རྐྱབ་ཡོདཔ་ ངེས་བདེན་ཨིན་པ་ཅིན་ མ་འོངས་པར་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་ནི་ཚུ་ བཀག་ཐབས་ལུ་ ཁྲིམས་ཀྱི་དང་ལེན་སྒྲིང་སྒྲིང་འབད་དགོཔ་དེ་ཡང་གལ་ཆེ།
སྤྲོ་སྟོན་ལས་རིམ་ཚུ་གི་གྲས་ལས་ དཔེར་ན་ སྤྱི་ཟླ་༤ པའི་ཚེས་༨ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ རྫོང་ཁག་གི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེད་པར་ གཞི་འཛིན་ཐོག་ སྤྱི་ལོ་༢༠༡༡ དང་༢༠༡༢ ལུ་ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་འགོ་འདྲེན་འཐབ་མི་གིས་ འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་མི་ ན་གཞོན་བུཚ་དང་བུམོ་༩ ལུ་ ཁས་ལེན་འབད་བའི་ དངུལ་རྐྱང་གི་ གསོལ་རས་སྤྲོད་དགོ་མི་གིས་མ་ཚད་པར་ ཨ་ལུའི་ཕམ་ཚུ་གི་ ལཱ་ལྟོ་ཆག་པའི་རྒུད་འཐུས་ དངུལ་ཀྲམ་༡༠,༠༠༠ རེ་ སྤྲོད་དགོཔ་བཞིན་དུ་ འགོ་འདྲེན་པ་ལུ་ མགུ་སྐོར་གྱི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་ཟླཝ་༦ བཀལ་ནུག།
ཨིན་རུང་ གསུང་སྐད་འགྲན་བསྡུར་འགོ་འདྲེན་འཐབ་མི་གིས་འབད་བ་ཅིན་ གསོལ་རས་ཚུ་ ཚོང་བསྒྲགས་ལས་སྡེ་གཞན་ཅིག་གིས་ སྤྲོད་དགོཔ་ལས་ ཁོ་གི་ འགན་ཁུར་ངོ་མ་ར་ ལས་རིམ་འགོ་འདྲེན་འཐབ་ནི་མ་གཏོགས་ གསོལ་རས་ཀྱི་ འབྲེལ་གནད་མེདཔ་ལས་ ཁོ་ལུ་ ཉེས་ཁྲིམས་བཀལ་མི་དེ་ ཁྲིམས་ཀྱི་རིང་ལུགས་ལས་ འགལ་བ་ཨིནམ་ལས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་ཟེར་ཨིན་མས།
འདི་བཟུམ་སྦེ་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ ཐིམ་ཕུ་ལུ་ ལས་ཁུངས་ཁག་གི་ ཕུཏི་བཱོལ་རྩེད་འགྲན་འགོ་འདྲེན་འཐབ་མི་གིས་ མཐའ་བཅད་འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་ སྡེ་ཚན་གཉིས་ལུ་ ཁ་ཚིག་དང་འཁྲིལ་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ དང་ ཨང་གཉིས་པའི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ སྤྲོད་དགོཔ་ཨིན་རུང་ དངུལ་ཀྲམ་༡༠,༠༠༠ རྐྱངམ་གཅིག་སྤྲོད་དེ་ ལྷག་ལུས་ཚུ་ ཉིན་གྲངས་༡༠ ནང་འཁོད་ལུ་ སྤྲོད་ནི་སྦེ་ གན་ཡིག་ཅིག་ བཟོ་ཡོདཔ་ཨིན་མས།
འདི་འབདཝ་ད་ གན་ཡིག་བཟོ་མི་དང་འཁྲིལ་ རྩེད་འགྲན་འགོ་འདྲེན་པ་གིས་ ཏི་རུ་སྤྲོད་མ་བཏུབ་ལས་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཁྲིམས་གཏུགས་འབད་བའི་ཤུལ་ལུ་ ཁྲིམས་འདུན་གྱིས་ གསོལ་རས་མ་དངུལ་དེ་ རྒྱལ་ཁ་ཐོབ་མི་ཚུ་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།
འཁྲུན་ཆོད་དང་འཁྲིལཝ་ད་ འགོ་འདྲེན་པ་ལུ་ མགུ་སྐོར་ལག་ལེན་དང་ བློ་གཏད་ཡིད་ཆེས་མེདཔ་བཟོ་བ་ ཁག་འབག་གི་ གན་ཡིག་ལས་འགལ་བའི་ ཉེས་ཁྲིམས་སྨིན་དགོཔ་ཨིན་རུང་ ཧེ་མར་ ཁྲིམས་འགལ་གྱི་ ལཱ་འབད་བའི་ གནས་ཐོ་མེད་ནི་དེ་གིས་ བཙོན་ཁྲིམས་མ་བཀལ་བས།
ལག་ལེན་འདི་ཚུ་ལུ་ལྟཝ་ད་ མི་མང་ལུ་ མགུ་སྐོར་རྐྱབ་པའི་ ལཱ་བྱ་བཟུམ་ཅིག་སྦེ་ མཐོང་སྣང་བྱུངམ་ཨིན་རུང་ འདི་བཟུམ་བྱུང་རྐྱེན་ཚུ་ གཙོ་བོ་ར་ ལམ་ལུགས་དང་ སྒྲིག་གཞི་ཚུ་ ཁ་གསལ་དང་ སྒྲིང་སྒྲིང་སྦེ་ མེད་མི་ལུ་བརྟེན་ བྱུངམ་ཨིན་མས།
མ་གཞི་ འདི་བཟུམ་མའི་ དཀའ་ངལ་ཚུ་ ཐོན་མི་ལུ་བརྟེན་ འབྲུག་བརྡ་དོན་དང་ བརྡ་བརྒྱུད་ཁྲིམས་དོན་དབང་འཛིན་གྱིས་ ད་ལས་ཕར་ གསུང་སྐད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་ལུ་ གསོལ་རས་ངེས་བརྟན་ ཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་ གནང་བ་ཞུ་བའི་སྐབས་ དངུལ་ཁང་གི་ ཉེན་ལེན་ཡི་གུ་གསལ་སྟོན་འབད་དགོཔ་ བཟོ་མི་དེ་ མི་མང་ལུ་ མགུ་སྐོར་རྐྱབ་ནི་ཚུ་ བཀག་ནི་གི་ ཐབས་ལམ་ཅིག་ཨིན་མས།
འདི་བཟུམ་སྦེ་ འབྲེལ་ཡོད་དབང་འཛིན་གྱིས་ རྒྱལ་ཁབ་ནང་ སྤྲོ་སྟོན་དང་ རྩེད་སྟོན་ལས་རིམ་ འགོ་འདྲེན་འཐབ་མི་ཚུ་གི་དོན་ལུ་ ཁྲིམས་ཡིག་དང་ ལམ་ལུགས་སྒྲིང་སྒྲིང་བཟོ་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment