གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་༣༣ གཏན་འཁེལ་སོང་ཡོདཔ།

༡༢/༤/༢༠༡༣  ཁ་ཙ་ ཚོགས་པ་དེ་གིས་ འདེམས་ངོ་༡༡ ངོ་སྤྲོད་འབད་ཡོདཔ་ལས་ ད་རུང་ འདེམས་ངོ་༡༤ དགོ་ནི་ཨིན་པས།
༉ འབྲུག་སྤྱིར་དབང་ཚོགས་པ་གིས་ སྤྱི་ཟླ་༤ པའི་ཚེས་༡༢ དང་༡༣ ལུ་ ཉིན་གྲངས་༢ ཀྱི་རིང་ ཡོངས་ཁྱབ་ཞལ་འཛོམས་མ་འཚོགས་པའི་ཧེ་མ་ ཁ་ཙ་ འདེམས་ངོ་༡༡ ངོ་སྤྲོད་འབད་མི་དང་བསྟུན་ ད་ཚུན་གྱི་བར་ན་ ཚོགས་པའི་འདེམས་ངོའི་གྱངས་༣༣ ལུ་ ལྷོད་ཡོདཔ་ཨིན་རུང་ ད་རུང་ འདེམས་ངོ་༡༤ མ་ཚང་པར་ཡོདཔ་ཨིན་པས།


ཨིན་རུང་ ཚོགས་པ་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ འདེམས་ངོ་གཞན་ཚུ་ཡང་ འཕྲལ་མགྱོགས་ར་ གསལ་བསྒྲགས་འབད་འོང་ཟེར་ཨིན་པས།
༡) བསྟན་འཛིན་འཕྲིན་ལས།
སྐྱེས་ལོ་༤༢ ལང་མི་ བསྟན་འཛིན་འཕྲིན་ལས་ཀྱིས་ འབྲུག་གི་བསྟན་སྲུང་དམག་སྡེའི་ནང་ ལོ་ངོ་༡༤ གི་རིང་ ཕྱག་ཞུ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༣ ལུ་ དྲག་པོའི་གདོང་ལེན་སྐབས་ རང་སྲོག་བློས་བཏང་སྟེ་ ཕྱག་ཕྱིད་ཞུ་བའི་ ངོས་འཛིན་ལུ་ དྲག་པོའི་འཁོར་ལོའི་ རྟགས་མ་ཐོབ་ཡོདཔ་ཨིན་པས།
བསྟན་འཛིན་འཕྲིན་ལས་ཀྱིས་ བུམ་ཐང་རྫོང་ཁག་ ཆོས་འཁོར་-སྟང་འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནིའི་དོན་ལུ་ འབྲུག་སྤྱིར་དབང་ཚོགས་པའི་ནང་ འདེམས་ངོ་སྦེ་ འཛུལ་ཞུགས་འབད་ནུག།
༢) ཚེ་རིང་ཕུན་ཚོགས།
ཚོགས་པའི་དབུ་ཁྲིད་དང་ རྒྱལ་ཁབ་ནང་ སྲིད་ཚོགས་ཀྱི་ ཨམ་སྲུ་གཙོ་འཛིན་དང་པ་གིས་ སེམས་ཤུགས་བསྐྱེད་མི་ལུ་བརྟེན་ ཚོགས་པ་འདི་ནང་འཛུལ་མི་ སྐྱེས་ལོ་༣༡ ལང་མི་ ཚེ་རིང་ཕུན་ཚོགས་ཀྱིས་ དབང་འདུས་ཕོ་བྲང་རྫོང་ཁག་ ཨ་ཐང་-ཐེད་ཚོ་འདེམས་ཁོངས་ལས་ འབྲེལ་གཏོགས་འབད་ནི་ཨིནམ་ད་ ཁོ་གིས་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ སྒེར་སྡེ་ཅིག་ནང་ ལོ་༦ ལྷགཔ་ཅིག་གི་རིང་ ལཱ་འབད་ཡོདཔ་ཨིན་པས།
༣) ཏེཇ་བྷ་དུར་རའི།
སྐྱེས་ལོ་༣༣ ལང་མི་ ཏེཇ་བྷ་དུར་རའི་གིས་ བསམ་རྩེ་རྫོང་ཁག་ རྡོ་རོ་ཁ་-རྟ་སྡིང་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིནམ་ད་ ཁོ་གིས་ ལོ་༧ གྱི་ཧེ་མར་ ཚོང་རིག་གི་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་བའི་ཤུལ་ལུ་ ལོག་གཡུས་ཁར་སོང་སྟེ་ སོ་ནམ་པ་སྦེ་ ལཱ་འབད་སྡོད་ཡོདཔ་ཨིན་པས།
༤) དཱན་བྷ་དུར་ཏ་མང་།
རྩི་རང་རྫོང་ཁག་ པ་ཏ་ལེ་-རྩི་རང་སྟོད་འདེམས་ཁོངས་ལས་ སྐྱེས་ལོ་༣༤ ལང་མི་ དཱན་བྷ་དུལ་ཏ་མང་དེ་ ཚོགས་པའི་འདེམས་ངོ་ཨིནམ་ད་ ཁོ་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ སྐྱེས་ས་སྦོམ་ས་ རྩི་རང་ལུ་ བཟོ་སྐྲུན་གྱི་ ཚོང་འབྲེལ་གཞི་བཙུགས་འབད་དེ་ སྡོད་ཡོདཔ་ཨིན་པས།
༥) དཀོན་མཆོག་བཀྲིས།
ཀམ་པུས་ཊར་ལག་ལེན་གྱི་ མཐོ་རིམ་ཤེས་ཚད་ཡོད་མི་ དཀོན་མཆོག་བཀྲིས་ཀྱིས་ སྒེར་སྡེ་ཅིག་ལས་ དགོངས་ཞུ་འབད་དེ་ ཚོགས་པ་འདི་ནང་ འཛུལ་ཡོདཔ་ད་ སྐྱེས་ལོ་༢༩ ལང་མི་ འདེམས་ངོ་དེ་གིས་ ཀྲོང་གསར་རྫོང་ཁག་ ནུབ་སྦིས་-སྟང་སི་སྦྱིས་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
༦) ཀུན་དགའ་བསྟན་འཛིན།
སྐྱེས་ལོ་༣༤ ལང་མི་ ཀུན་དགའ་བསྟན་འཛིན་དེ་ ཧཱ་རྫོང་ཁག་ གསང་སྦས་ཁ་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་ཨིནམ་ད་ ཁོ་གིས་ ནང་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ ལྟ་བཤལ་ལས་སྡེའི་ནང་ ལོ་༡༡ ལྷགཔ་ཅིག་ ལཱ་འབད་བའི་ ཉམས་མྱོང་ཐོབ་ཡོདཔ་ཨིན་པས།
༧) ཀུན་བཟང་།
སྤུ་ན་ཁ་རྫོང་ཁག་ དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་ སྐྱེས་ལོ་༢༦ ལང་མི་ ཀུན་བཟང་གིས་ རྒྱ་གར་ཏ་མིལ་ན་དུ་ ནང་རིག་དང་ ཚད་རིག་མཐོ་རིམ་སློབ་གྲྭ་ལས་ ཤེས་ཡོན་མཐར་འཁྱོལ་ཡོདཔ་ཨིན་པས།
༨) བསོད་ནམས་ཚེ་རིང་།
ཚོགས་པ་གིས་ འདེམས་ངོ་༡༡ ངོ་སྤྲོད་འབད་མིའི་གྲས་ལས་ གཞོན་ཤོས་ཅིག་ཨིན་མི་ སྐྱེས་ལོ་༢༥ ལང་མི་ བསོད་ནམས་ཚེ་རིང་གིས་ ཧཱ་རྫོང་ཁག་ སྦྱིས་-དཀར་འཚོ་-དབུས་སུ་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ ཚོགས་པ་ནང་ མ་འཛུལ་བའི་ཧེ་མར་ ལྟ་བཤལ་ལས་སྡེའི་ནང་ ལཱ་འབད་ཡོདཔ་ཨིན་པས།
༩) བསྟན་འཛིན་རྒྱ་མཚོ།
སྐྱེས་ལོ་༢༦ ལང་མི་ བསྟན་འཛིན་རྒྱ་མཚོ་གིས་ རྒྱ་གར་གྱི་ ནང་རིག་དང་ ཚན་རིག་མཐོ་རིམ་སློབ་གྲྭ་ལས་ བརྡ་དོན་འཕྲུལ་རིག་གི་ ཤེས་ཚད་མཐར་འཁྱོལ་ཡོདཔ་ད་ ཁོ་གིས་ གཞལམ་སྒང་རྫོང་ཁག་ པཱན་སྦང་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ འབྲེལ་གཏོགས་འབད་ནི་ཨིན་པས།
༡༠) འཇིགས་མེད་དབང་ཕྱུག།
བཀྲིས་སྒང་རྫོང་ཁག་ ར་ལྡི་-སག་སྟེང་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་མི་ སྐྱེས་ལོ་༢༨ ལང་མི་ འཇིགས་མེད་དབང་ཕྱུག་གིས་ རྒྱ་གར་ནུབ་བེང་གཱལ་གཙུག་ལག་སློབ་སྡེ་ལས་ ཚོང་རིག་ཤེས་ཡོན་མཐར་འཁྱོལ་ཡོདཔ་ཨིན་པས།
༡༡) ཀུན་བཟང་ཆོས་སྒྲོན།
མཐོ་རིམ་ཤེས་ཚད་མཇུག་བསྡུ་བའི་ཤུལ་ལུ་ སྒེར་སྡེ་ཅིག་ནང་ བརྡ་དོན་འཕྲུལ་རིག་གི་ སློབ་སྟོན་པ་/མཉམ་འབྲེལ་བ་སྦེ་ ལཱ་འབད་མི་ སྐྱེས་ལོ་༢༨ ལང་མི་ ཀུན་བཟང་ཆོས་སྒྲོན་དེ་ དབང་འདུས་ཕོ་བྲང་རྫོང་ཁག་ ཉི་ཤུ་-སྲས་ཕུག་འདེམས་ཁོངས་ལས་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment