གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒེད་འོག་༡༠ ག་རའི་ནང་ གནད་དོན་ཅིག་གི་ཐོག་ལུ་ ཁས་བླངས་བསྐུལ་བསྒྲགས།

འདེམས་ངོ་ཚུ་གིས་ ངོ་བྱང་ཚུ་ མི་སེར་ཚུ་ལུ་ བཀྲམ་སྤེལ་འབད་བའི་བསྒང་།
༉ སྐྱེས་ལོ་༣༠ ལང་མི་ ཉི་ཤོ་རྒེད་འོག་གི་འདེམས་ངོ་ བསོད་ནམས་དབྱངས་ཅན་གྱིས་ ཁ་ཙ་ ཨ་ཐང་དང་ དར་དཀར་རྒེད་འོག་གི་ སྤྱིར་བཏང་གྲོས་འཛོམས་སྐབས་ལུ་ སླབ་མིའི་ནང་ གལ་སྲིད་མོ་གིས་ ལོག་སྟེ་ར་ ཚོགས་སྡེའི་འདེམས་ངོ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ཕྱུགཔོ་དང་ སྤྱང་ཀའི་བར་ན་ ཁྱད་པར་མེདཔ་བཟོ་ནི་ལུ་ ཤུགས་གཏོན་ནི་ཟེར་ཨིནམ་ད་ དེ་ཡང་ ཁྲིམས་ལུགས་ཚུ་ བསྐྱར་ཞིབ་འབད་ཐོག་ལས་ ཕྱུགཔོ་གི་དོན་ལུ་ ཁྲལ་མངམ་དང་ སྤྱང་ཀ་ཚུ་ལུ་ ཁྲལ་ཉུང་སུ་བཀལ་ནིའི་ ལམ་ལུགས་བཟོ་ནི་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ བསོད་ནམས་དབྱངས་ཅན་གྱིས་འབད་བ་ཅིན་ ལོ་༥ འི་རིང་ ཚོགས་སྡེ་ནང་ ཕྱག་ཞུ་བའི་སྐབས་ དཔྱད་ཡིག་དང་ ཟིན་བྲིས་ལེ་ཤ་ཅིག་ ཆ་འཇོག་འབད་ཡོདཔ་བཞིན་དུ་ ད་རུང་ བཙག་འཐུ་འགྲུབ་པ་ཅིན་ ལྷག་ལུས་ཁྲིམས་བཟོའི་ཕྱག་ལཱ་ཚུ་ ཧེ་མ་བཟུམ་སྦེ་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ ཆ་འཇོག་འབད་ནི་ལུ་ གཙོ་བོར་གཏོན་ནི་ཟེར་ཨིནམ་ལས་ ལཱ་འཕྲོ་མཐུད་འབད་ནིའི་དོན་ལུ་ མི་སེར་ཚུ་གིས་ གསང་བའི་ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་དེ་ མོ་གདམ་འཐུ་འབད་གནང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཚོགས་སྡེའི་ཕྱག་འགན་དེ་ ཁྲིམས་བསྐྱར་ཞིབ་འབད་ནི་དང་ ཆ་འཇོག་འབད་ནི་ཨིནམ་ལས་ དམིགས་བསལ་དུ་ ཁས་བླངས་འབད་མི་ཚུགས་ཟེར་ཨིནམ་ད་ ཨིན་རུང་ འཆར་གཞིའི་ལཱ་ཚུ་ནང་ མ་དངུལ་དགོཔ་ཡོད་པ་ཅིན་ གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ མ་དངུལ་འཐོབ་ཚུགསཔ་བཟོ་ནིའི་ དབང་ཚད་ཡོད་ཟེར་ཨིན་པས།
མོ་གིས་ ཁས་བླངས་ཟེར་རུང་ ན་ཧིང་ སྤྱི་ཟླ་༦ པའི་ནང་ དབང་འདུས་རྫོང་ མེ་མཆོད་བཞེས་མི་དེ་ ལོག་གསར་བཞེངས་འབད་ནིའི་དོན་ལུ་ རྒྱབ་སྐྱོར་ཕུལ་ནི་ཟེར་ཨིན་རུང་ གསལ་བཤད་མཇུག་བསྡུ་བའི་སྐབས་ མོ་གིས་ དེ་ཁར་ འཛོམས་མི་བརྒྱ་ལས་བཅད་མི་ཚུ་ལུ་ གསལ་བཤད་ཀྱི་གནད་དོན་དེ་ ག་ཅིའི་སྐོར་ལས་ཨིན་རུང་ དམིགས་དོན་ངོ་མ་དེ་ གསང་བའི་ཚོགས་རྒྱན་ལྷང་ནི་དེ་ཨིནམ་ལས་ མོ་ལུ་ ཚོགས་རྒྱན་བཙུགས་གནང་ཟེར་ཨིན་པས།
དེ་ལས་ སྐྱེས་ལོ་༣༡ ལང་མི་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ གལ་སྲིད་ཁོ་བཙག་འཐུ་འགྲུབ་པ་ཅིན་ རྩ་ཁྲིམས་ཆེན་མོ་དང་ རྒྱལ་ཡོངས་ཚོགས་སྡེའི་ བཅའ་ཁྲིམས་ཀྱི་དགོངས་དོན་དང་འཁྲིལ་ རྒྱལ་ཁབ་ཀྱི་བདེ་སྲུང་དང་ རང་བཙན་གྱི་དོན་ལུ་ ཁྲིམས་བསྐྱར་གསོ་འབད་ནི་ལུ་ ཤུགས་གཏོན་ནི་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ ངན་ལྷད་མར་ཕབ་གཏང་ནི་ལུ་ཡང་ གཙོ་བོར་གཏོན་ནི་ཨིན་པའི་ཁར་ མི་སེར་ཉམ་ཆུང་ཚུ་གི་དོན་ལུ་ ཚེ་འདས་ཀྱི་ཕུངམ་ཚུ་ སྐྱེལ་འདྲེན་འབད་ནིའི་ སྣུམ་འཁོར་ཅིག་ གཞི་བཙུགས་འབད་ནི་དེ་ཨིན་ཟེར་ཨིན་པས།
དབང་ཁྲོམ་ལས་ སྐྱེས་ལོ་༣༤ ལང་མི་ ཕྱག་རྡོར་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གལ་སྲིད་ རྒྱལ་ཡོངས་བཙག་འཐུའི་འདེམས་ངོ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ རྒེད་འོག་རེ་ནང་ འཕྲུལ་གླང་པ་ཝར་ཊི་ལར་༥ རེ་ བཀྲམ་སྤེལ་འབད་ནི་ལུ་ གཙོ་བོར་གཏོན་ནི་ཟེར་ཨིནམ་ད་ དེ་ཡང་ ད་རེས་ རྒེད་འོག་རེ་ནང་ གཞུང་གིས་འཕྲུལ་གླང་༡ ལས་བརྒལ་ བྱིན་ནི་མེད་པའི་སྐབས་ མི་སེར་ཉམ་ཆུང་ཚུ་གིས་ གོ་སྐབས་འདྲ་མཉམ་སྦེ་ ལེན་མ་ཚུགས་པའི་དཀའ་ངལ་འདུག་ཟེར་ཨིན་པས།
དེ་མ་ཚད་ ཚེ་སྲོག་ཉེན་བཅོལ་གྱི་ཐོབ་ལམ་ཡང་ དངུལ་ཀྲམ་༡༥,༠༠༠ ལས་ ཡར་སེང་འབད་ནི་ཨིན་པའི་ཁར་ གཞན་གྱི་ས་གཞི་ བགོ་བཤའ་དང་ ཐོག་རྒྱུ་སྦེ་བཟའ་མི་ཚུ་ ལོ་༡༠ དང་༡༥ གི་ཤུལ་ལས་ ས་བཟའ་མི་གིས་ བདག་དབང་དུམ་གྲ་ཅིག་ འཐོབ་ཚུགསཔ་བཟོ་ནིའི་ ཐབས་ལམ་ཚུ་ཡང་ བལྟ་ནི་ཟེར་ཨིན་པས།
འཕང་ཡུལ་རྒེད་འོག་ལུ་ ཁས་བླངས་འབད་མིའི་ནང་ རྒེད་འོག་ནང་ ཨེ་མ་དང་ དཀར་གྱི་ཐོན་ཤུགས་ ལེགས་ཤོམ་ཡོདཔ་ལས་ དེ་ཚུ་རྒྱ་སྦོམ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནིའི་དོན་ལུ་ ཐབས་ལམ་ཚུ་ཡང་ ཁྲིམས་དང་འཁྲིལ་ཏེ་ གཏོན་ནི་ཨིནམ་མ་ཚད་ གློག་མེའི་ཤུགས་ཚད་ཡང་ རྫོང་ཁག་༢༠ གི་མི་ཚུ་གིས་ འདྲ་མཉམ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ གོ་སྐབས་སྤྲོད་ནི་ཟེར་ཨིནམ་ད་ དེ་ཡང་ གཡུས་སྒོ་ལ་ལུ་ཅིག་ནང་ གློག་མེའི་ཤུགས་ཚད་ འདྲ་མཉམ་མེདཔ་ལས་ འཕྲལ་འཕྲལ་ར་ གློག་མེའི་རྒྱུན་ལམ་ལུ་ བར་ཆད་བྱུངམ་མས་ཟེར་ཨིནམ་ད་ ཁོ་གིས་འབད་རུང་ དབང་འདུས་རྫོང་དེ་ གསར་བཞེངས་འབད་ནི་ལུ་ ཕྱག་ཞུ་ནི་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ རྫོང་ཁག་དེ་ནང་ སྤྱིར་བཏང་གྲོས་འཛོམས་ཀྱི་ ལས་རིམ་དེ་ རྒེད་འོག་༡༠ ནང་ མཇུག་བསྡུ་ཡོདཔ་ད་ ལྷག་ལུས་རྒེད་འོག་༥ པོ་དེ་ སྤྱི་ཟླ་༤ པའི་ཚེས་༡༦ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།


                                                               དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment