གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢/༤/༢༠༡༣   འོས་འབབ་དང་མ་ལྡན་པའི་ ཁས་བླངས་འབད་ནི་ལས་ འགན་ཁུར་ལུ་གཙོ་རིམ།
༉ ཁ་ཙ་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ཚུ་གིས་ ཁོང་གི་སྐོར་ལས་ ངོ་སྤྲོད་དང་ ཁོང་ལུ་ ག་ཅི་སྦེ་ ཚོགས་རྒྱན་བཙུགས་དགོཔ་ཨིན་ན་ ཁོང་གི་ཁ་ཐུག་ལས་ ཆ་རོགས་དང་ རྒྱབ་སྐྱོར་ག་ཅི་ར་འབད་ཚུགས་ནི་ཨིན་ན་ ལུགས་མཐུན་ཐོག་ལས་ མི་མང་ལུ་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཡོདཔ་ཨིན།


དེ་ཡང་ ཁོང་གི་ གདམ་ངོ་གཏན་འཁེལ་སོང་ཡོདཔ་ཨིན་རུང་ ད་ལྟོ་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་བྱ་རིམ་ཐེངས་༢ པའི་ནང་ གདམ་ངོ་སེྦེ་ དོ་འགྲན་འབད་ནི་གི་ ཁྱད་ཚད་ལྡན་མི་ལྡན་ བདེན་དཔྱད་འབད་ནིའི་དོན་ལུ་ ཁོང་གི་ཡིག་ཆ་ དཔེར་ན་ མཐོ་རིམ་ཤེས་ཚད་དང་ ཁྲིམས་འདུན་གྱི་ ཉོགས་མེད་ཡི་གུ་ཚུ་ བལྟ་ཞིབ་འབད་བའི་བསྒང་ཡོད་མི་དེ་ ད་རིས་ལས་ གཏན་འཁེལ་བཟོ་ནི་དང་འབྲེལ་ རང་སོའི་འདེམས་ཁོངས་ནང་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ནི་ཨིན་མས།
འབྲུག་གི་མཐའ་ཟུར་གྱི་ མི་སེར་ལེ་ཤ་ཅིག་ར་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་ཚོགས་ཁང་གཉིས་ཀྱི་ འགན་ཁུར་ག་ཅི་ཨིན་ན་ ལེགས་ཤོམ་སྦེ་ ཤེས་རྟོགས་མ་བྱུང་པའི་ ནམ་དུས་ལུ་ ཚོགས་ཁང་གོང་མའི་ གདམ་ངོ་༦༧ དེ་ཅིག་ཡོད་མི་ཚུ་གིས་ བསྐུལ་བསྒྲགས་སྐབས་ སྲིད་དོན་པ་ཚུ་དང་ ཅོག་འཐདཔ་འབད་ར་ ཁས་བླངས་གསལ་བསྒྲགས་འབད་ནི་གི་ འོས་འབབ་སྦོམ་ཡོདཔ་ཨིན།
ལོ་༥ གི་ཧེ་མར་ དམངས་གཙོའི་རིང་ལུགས་འགོ་བཙུགསཔ་དང་འབྲེལ་ སྤྱི་ཚོགས་ཅན་གྱི་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཚོགས་སྡེའི་འདེམས་ངོ་ལེ་ཤ་ཅིག་གིས་ དབང་ཚད་དང་ འོས་འབབ་མེད་པའི་ ཁས་བླངས་གསལ་བསྒྲགས་ལེ་ཤ་འབད་ཡོད་མི་དེ་ཡང་ ལ་ལུ་གིས་ ཞིང་ལམ་སེལ་ནི་དང་ ཞིང་ཆུ་བཏོན་ནི་ ན་གཞོན་ཚུ་གི་ ལཱ་གཡོག་གི་ དཀའ་ངལ་སེལ་ཐབས་འབད་ནི་ལ་སོགས་པ་ ཁས་བླངས་འབད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་ཡང་ ཡིད་ཆེས་དང་བཅས་ རེ་བ་སྦོམ་བསྐྱེད་སྡོད་ནུག།
འདི་འབདཝ་ད་ ཁས་བླངས་འབད་མི་ཚུ་ གྲུབ་མ་ཚུགས་པའི་བསྒང་ལས་ འབྲེལ་ཡོད་འཐུས་མི་དེ་ལུ་ བློ་གཏད་ཡིད་ཆེས་མེདཔ་འགྱོ་ནི་དང་ ཁོང་གི་ ཁྱད་རིག་དང་ གཅིག་སྒྲིལ་ལུ་ དྲི་དཔྱད་འབད་བའི་ གནད་དོན་ཅིག་ལུ་ འགྱུར་ནི་གི་ འོས་འབབ་འདུག།
སྲིད་དང་འབྲེལ་བ་མེད་མི་ རྒྱལ་ཡོངས་ཚོགས་སྡེའི་ འགན་ཁུར་ངོ་མ་ར་ ཁྲིམས་བཟོ་བསྐྱར་ཞིབ་འབད་ནི་དང་ རྒྱལ་ཁབ་ཀྱི་ རང་བཙན་དང་བདེ་སྲུང་ དེ་ལས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ གནོད་ཉེན་ཡོད་པའི་ གནད་དོན་ཚུ་གི་ བསྐྱར་ཞིབ་ཚོགས་ཁང་ཅིག་སྦེ་ དང་ལེན་འབད་དགོཔ་ལས་ གནད་དོན་དེ་གི་སྐོར་ མི་མང་ལུ་ གོ་བརྡ་སྤྲོདཔ་དེ་གལ་ཆེ།
ཚོགས་སྡེ་གིས་ ཁྲིམས་བཟོ་ཚུ་ བསྐྱལ་ཞིབ་འབད་དེ་ རྒྱལ་ཁབ་དང་ མི་སེར་ལུ་ འཕྲལ་ཕུགས་གཉིས་ཆ་ར་ལུ་ ཕན་ཁྱད་ཡོདཔ་བཟོ་ནི་དང་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ གནད་དོན་དེ་ལུ་ར་ གཙོ་རིམ་བཟུང་པ་ཅིན་ མི་སེར་ཚུ་གིས་ཡང་ འཐུས་མི་ཚུ་གི་ ལཱ་དང་འགན་ཁུར་ཚུ་ ཧ་གོ་ཚུགས།
འདི་འབདཝ་ལས་ ད་ལྟོ་ བསྐུལ་བསྒྲགས་འབད་བའི་ ནམ་དུས་ལུ་ གདམ་ངོ་ཚུ་གིས་ ཁས་བླངས་འབད་ནི་མིན་པར་ རྒྱལ་ཡོངས་ཚོགས་སྡེའི་ འགན་ཁུར་དང་ བྱ་སྒོའི་ལམ་ལུགས་སྐོར་ གོ་བརྡ་སྤྲོད་པ་ཅིན་ བཙག་འཐུ་གྲུབ་པའི་ཤུལ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གི་ ཁ་ཐུག་ལས་ ཉོགས་བཤད་བཀོད་དགོཔ་མི་འཐོན་ཟེར་ ཞུ་ནི་ཨིན།

No comments:

Post a Comment