གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞབས་དྲུང་སྟོང་སྐུའི་ལས་འགུལ་ ཡུན་འགྱངས་ལུས་ཡོདཔ།

༡༢/༤/༢༠༡༣   ༉ འབྲུག་རྒྱལ་ཁབ་ཀྱི་ ལྷ་ཁང་དང་དགོན་སྡེ་ཚུ་གི་དོན་ལུ་ ཞབས་དྲུང་སྟོང་སྐུ་བཞེངས་མི་ ལས་འགུལ་གྱིས་ ཞབས་དྲུང་རིན་པོ་ཆེའི་ སྐུ་འདྲ་༥༠༠ བྱིན་ཡོདཔ་ཨིན་པས།
རྫོང་ཁག་༢༠ གི་ ལྷ་ཁང་དགོན་སྡེའི་བླམ་དང་ སློབ་དཔོན་ དེ་ལས་ སྦྱིན་བདག་ཚུ་ ཐིམ་ཕུ་ཨོ་ལ་ཁ་ལས་ ཞབས་དྲུང་རིན་པོ་ཆེའི་ སྐུ་འདྲ་ཞུ་བར་ཨིན་ཟེར་ སྣུམ་འཁོར་ག་ར་ དར་གྱིས་རྒྱན་ཏེ་ འོང་ཡོདཔ་བཞིན་དུ་ རིང་ཚད་ཨིན་ཅི་༡༥ རེ་འབད་མི་ ཞབས་དྲུང་གི་སྐུ་ཚུ་ ཞུ་འབག་ཡོདཔ་ཨིན་པས།

ཁ་ཙ་ བགོ་བཀྲམ་འབད་མི་ ཞབས་དྲུང་གི་ སྐུ་འདྲ་ཚུ།


ཞབས་དྲུང་སྟོང་སྐུ་ལས་འགུལ་གྱི་ ཁ་ཐུག་ལས་ རྒྱལ་ཁབ་མཐའ་དབུས་མེད་པའི་ ལྷ་ཁང་དང་དགོན་སྡེ་ཚུ་ནང་ ཞབས་དྲུང་གི་སྐུ་འདྲ་ རིན་མེད་སྟོང་པ་སྦེ་བྱོན་ཡོདཔ་ད་ ཞབས་དྲུང་གི་བཞུགས་ཁང་ཡང་ དགོ་པ་ཅིན་ དངུལ་ཀྲམ་༡༨,༠༠༠ རེ་ སྤྲོད་དགོ་པས་ཟེར་ཨིན་པས།
ཞབས་དྲུང་གི་ སྐུ་འདྲ་ཞུ་བར་འོང་མི་ སླབ་དཔོན་ཅིག་གིས་ བཤད་མི་དང་འཁྲིལཝ་ད་ ཞབས་དྲུང་གི་སྐུ་འདྲ་ རིང་ཚད་ཨིན་ཅི་༡༥ རེ་འབད་མི་ཚུ་ ཉོ་དགོ་པ་ཅིན་ དངུལ་ཀྲམ་༨༠,༠༠༠ དེ་རེ་གནས་ནི་མས་ཟེར་ཨིནམ་ད་ ད་རེས་ ཞབས་དྲུང་སྟོང་སྐུའི་ལས་འགུལ་གྱི་ཁ་ཐུག་ལས་གནངམ་ད་ རྗེས་སུ་ཡི་རངས་སྦོམ་ཡོད་ཟེར་ཨིན་པས།
ཞབས་དྲུང་སྟོང་སྐུའི་ ལས་འགུལ་འགོ་བཙུགས་མི་དེ་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཞབས་དྲུང་སྟོང་སྐུ་ བཞེངས་པ་ཅིན་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ ལུང་བསྟན་ཡོད་མི་དང་འཁྲིལ་ མཁན་པོ་སངས་རྒྱས་བསྟན་འཛིན་གྱིས་ འགོ་འདྲེན་ཐོག་ལས་ འགོ་བཙུགས་ནུག་ཟེར་ཨིན་པས།
ཞབས་དྲུང་སྟོང་གི་ སྐུ་འདྲ་བཞེངས་ནིའི་ ལས་འགུལ་དེ་ སྤྱི་ལོ་༢༠༠༥ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ ཞབས་དྲུང་སྟོང་ཕྲག་༡ པོ་དེ་ བཞེངས་ཚར་ཏེ་འབད་རུང་ ཞབས་དྲུང་ཕུན་སུམ་ཚོགས་པའི་ སྐུ་འདྲ་ཚུ་ ད་ལྟོ་ བཞེངས་པའི་བསྒང་ཡོདཔ་ཨིན་པས།
ཞབས་དྲུང་སྟོང་སྐུ་བཞེངས་ནིའི་ ལས་འགུལ་འགོ་འདྲེན་པ་ མཁན་པོ་སངས་རྒྱས་བསྟན་འཛིན་གྱིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ ཞབས་དྲུང་ཕུན་སུམ་ཚོགས་པའི་ སྐུ་འདྲ་རིང་ཚད་ཕིཊ་༦ འབད་མི་དེ་ འབྲུག་རྒྱལ་ཁབ་ནང་སྦེ་ བཞེངས་ནི་ཟེར་ཨིན་རུང་ ད་ལྟོ་ གསེར་ཀེ་ཇི་༥ ཉོ་ནིའི་དོན་ལུ་ མ་དངུལ་གྱི་ གྲོགས་རམ་ཚུ་ མ་ཐོབ་པར་ཡོད་ཟེར་ཨིན་པས།
ཞབས་དྲུང་གི་སྐུ་འདྲ་ དབུ་ག་ར་གསེར་དང་ སྐུ་གཟུགས་དངུལ་གྱིས་སྦེ་ བཞེངས་ནི་ཨིན་པས།
མཁན་པོ་གི་ འབད་བ་ཅིན་ ལས་འགུལ་དེ་ འགོ་བཙུགས་པའི་སྐབས་ལུ་ གསེར་དང་དངུལ་ དེ་ལས་ མ་དངུལ་གྱི་ རྒྱབ་སྐྱོར་གནང་མི་ ལེ་ཤ་ཅིག་ར་ ཐོན་ཡོད་རུང་ བར་ན་ལས་ ཉམས་སོ་ཡི་ཟེར་ཨིན་པས།
ཞབས་དྲུང་སྟོང་སྐུའི་ ལས་འགུལ་གྱིས་ ཞབས་དྲུང་གི་ སྐུ་འདྲ་ཡོངས་བསྡོམས་༢,༠༠༠ བཞེངས་ཡོདཔ་བཞིན་དུ་ དབང་འདུས་རྫོང་ནང་ཕུལ་ནི་ཨིན་མི་ ཨིན་ཅི་༢༠ རེ་འབད་མི་ སྐུ་འདྲ་ཚུ་ བཞེངས་དོ་ཟེར་ཨིན་པས།
གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་འབད་བ་ཅིན་ མི་ཚུ་གིས་ ལས་འགུལ་དེ་ སྤྱི་ལོ་༢༠༠༥ ལས་འགོ་བཙུགས་ ཡུན་རིངམོ་སྦེ་ར་ལུས་མི་དེ་ གཙོ་བོ་ར་ སྐུའི་སྤུས་ཚད་ ལེགས་ཤོམ་དགོ་མི་ལུ་བརྟེན་ སྐུ་རེ་བཞེངས་ནིའི་དོན་ལུ་ ཟླ་ངོ་༣ དེ་རེ་ འགོར་ནི་དེ་གིས་ཨིན་ཟེར་ཨིན་པས།
སྐུ་འདྲ་ཚུ་ ནེ་པཱལ་ལུ་སྦེ་ བཞེངས་དོ་ཡོདཔ་ལས་ མཁན་པོ་སངས་རྒྱས་བསྟན་འཛིན་གྱིས་ ད་ལྟོ་ལས་ར་ བུ་ལོན་དངུལ་ཀྲམ་ས་ཡ་༣༠ དེ་ཅིག་ ལེན་ཏེ་ཡོད་ཟེར་ཨིན་པས།
རིང་ཚད་ཕིཊ་༦ འབད་མི་ སྐུ་འདྲའི་བཟོ་བཀོད་ཚུ་ ག་ར་བསྒྲུབས་ཚར་རུང་ མ་དངུལ་གྱི་ ལང་མ་ཚུགས་ནི་དེ་གིས་ བྱ་སྟབས་མ་བདེཝ་ཐོན་ཏེ་ཡོད་ཟེར་ཨིན་པས།
ཞབས་དྲུང་སྟོང་སྐུའི་ལས་འགུལ་དེ་ ལོ་ཕྱེད་དང་༢ དེ་ཅིག་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ མཁན་པོ་ གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment