གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོ་འགྲན་འབད་མི་ཨིན་རུང་ གཅིག་གིས་གཅིག་ལུ་ ཆ་རོགས་གང་དྲག་འབད་དོ་ཡོདཔ།

༡༡/༤/༢༠༡༣   འདེམས་ངོ་༢ ཀྱིས་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་བསལ་ནི་དང་ གཞན་མི་དེ་གིས་ རྒྱལ་ཡོངས་ཀྱི་ འཆར་དངུལ་བགོ་བཀྲམ་འདྲ་མཉམ་བཟོ་ནི་ལུ་ གཙོ་བོར་བཏོན་ནི།
༉ པདྨ་དགའ་ཚལ་རྫོང་ཁག་གི་ འདེམས་ངོ་༣ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱིར་བཏང་གྲོས་འཛོམས་བསྐུལ་བསྒྲགས་ལས་རིམ་ འགོ་འདྲེན་འཐབ་སར་འགྱོཝ་ད་ ལས་སྡེ་གཅིག་གི་ ལས་གཡོགཔ་བཟུམ་སྦེ་ གཅིག་ཁར་འགྱོ་བའི་ཐོག་ལས་ ཞལ་འཛོམས་ནང་ བཅའ་མར་གཏོགསཔ་ཨིན་པས།
སྤྱིར་བཏང་གྲོས་འཛོམས་བསྐུལ་བསྒྲགས་འབད་ཚར་བའི་ཤུལ་ལུ་ འདེམས་ངོ་འཇིགས་མེད་རིག་འཛིན་དང་ ཤེས་རབ་རྒྱ་མཚོ་ པདྨ་དབང་ཕྱུག་༣ ཉིན་མའི་ལྟོ་གཅིག་ཁར་ བཟའ་བའི་བསྒང་།


དེ་མ་ཚད་ སྤྱིར་བཏང་གྲོས་འཛོམས་ཀྱི་དོན་ལུ་ འཆར་གཞི་བརྩམ་ནི་དང་ གྲ་སྒྲིག་འབད་ནི་ དེ་ལས་ བཙག་འཐུ་ལྷན་ཚོགས་ལུ་ བསྐུལ་བསྒྲགས་ཀྱི་ ཟད་རྩིས་བཙུགས་ནི་ལ་སོགས་པའི་ཚུ་ནང་ འདེམས་ངོ་གཅིག་གིས་གཅིག་ལུ་ ཆ་རོགས་འབདཝ་མ་ཚད་ སྤྱིར་བཏང་གྲོས་གནས་ལས་རིམ་འགོ་མ་བཙུགས་པའི་ཧེ་མར་ བཀྲིས་བདེ་ལེགས་ཡོད་ལུགས་ བརྗེ་སོར་འབདཝ་ཨིན་པས།
ལྕོང་ཤིང་རྒེད་འོག་ལྟེ་བའི་ནང་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ ཤུ་མར་རྒེད་འོག་ལས་ འཐུས་མི་བགྲེསཔ་ འཇིགས་མེད་རིག་འཛིན་དང་ ན་ནོང་རྒེད་འོག་ལས་ སྐྱེས་ལོ་༣༣ ལང་མི་ པདྨ་དབང་ཕྱུག་ ངང་ལམ་བདེ་ཆེན་གླིང་རྒེད་འོག་ལས་ སྐྱེས་ལོ་༢༩ ལང་མི་ ཤེས་རབ་རྒྱ་མཚོ་༣ གྱིས་ མི་སེར་༡༠༠ ལྷགཔ་ཅིག་ སྤུངས་འཛོམས་འབད་མི་ཚུ་ལུ་ དུས་ཡུན་སྐར་མ་༣༠ རེ་ གསལ་བཤད་འབདཝ་ཨིན་པས།
པདྨ་དགའ་ཚལ་ཁྲོམ་ལས་ ལྕོང་ཤིང་རྒེད་འོག་ནང་ སྣུམ་འཁོར་བདའ་འགྱོཝ་ད་ དུས་ཡུན་ཆུ་ཚོད་༣ འགོརཝ་ཨིན་པས།
དང་པ་ར་ འདེམས་ངོ་འཇིགས་མེད་རིག་འཛིན་གྱིས་ རྫོང་ཁའི་ནང་ གོ་དོན་འཇམ་ཏོང་ཏོ་སྦེ་ ཁོ་རའི་ཁས་བླངས་གསལ་བསྒྲགས་ཀྱི་ ཤོག་བྱང་ནང་ དམངས་གཙོའི་རིང་ལུགས་ལུ་ ཡིད་ཆེས་བསྐྱེད་དེ་ མི་སེར་གྱི་རེ་འདོད་འགྲུབ་ཟེར་ གསལ་བཀོད་འབད་མི་དེ་ གསལ་བཤད་འབདཝ་དང་འབྲེལ་ ང་བཅས་ག་ར་གཅིག་ཁར་ ལཱ་འབད་དེ་ ལོ་ལྔའི་འཆར་གཞི་༡༡ པ་མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ཚུགསཔ་ ངེས་བརྟན་བཟོ་ནི་ཟེར་ སླབ་ཨིན་པས།
འཇིགས་མེད་རིག་འཛིན་གྱིས་འབད་བ་ཅིན་ ཁོ་ ཚོགས་སྡེའི་བཙག་འཐུའི་ནང་ ལོག་དོ་འགྲན་འབད་དགོ་པའི་ གནད་དོན་གཙོ་བོ་ར་ འདས་པའི་ལོ་༥ གི་རིང་ འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ལུ་ ཁོ་ར་གིས་ རེ་བ་བསྐྱེད་དོ་བཟུམ་ཅིག་ ཕྱག་ཞུ་མ་ཚུགས་ནི་དེ་གིས་ཨིནམ་ད་ ཁྱེད་མི་སེར་ཚུ་གིས་ ད་རིས་ཀྱི་ བཙག་འཐུ་ནང་ཡང་ རྒྱབ་སྐྱོར་གནང་པ་ཅིན་ ཧེ་མ་ཞུ་དོ་བཟུམ་སྦེ་ར་ ཁོ་གི་ ཁ་ཐུག་ལས་ སྤྱི་ཚོགས་ནང་ གྲོང་གཡུས་ཚུ་ནང་ གདོང་ལེན་འབད་དགོཔ་བྱུང་མི་ གནད་དོན་ཚུ་ གཡང་ཟ་བག་ཟོན་ག་ནི་ཡང་མེད་པར་ ཞུ་ནི་ཟེར་ སླབ་ཨིན་པས།
ཁོ་གིས་ ན་གཞོན་མང་ཤོས་ར་ གྲོང་གཡུས་ཚུ་ལས་ཨིནམ་ལས་ ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བསལ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ ཁས་བླངས་འབད་བའི་ཁར་ དཔྱད་ཡིག་དང་ བཅའ་ཁྲིམས་ཚུ་ བསྐྱར་ཞིབ་འབད་བའི་སྐབས་ལུ་ ཁོ་གིས་ འབབ་ཁུངས་འདྲ་མཉམ་སྦེ་ སྤེལ་ནི་གི་ ཐབས་ལམ་ཚུ་ བཏོན་འོང་ཟེར་ བཤད་ཡོདཔ་ཨིན་པས།
འཇིགས་མེད་རིག་འཛིན་གྱི་ཤུལ་ལས་ གསལ་བཤད་འབད་མི་ ན་ནོང་གི་འདེམས་ངོ་ པདྨ་དབང་ཕྱུག་གིས་ ཁོ་གི་ཤེས་ཡོན་རྒྱབ་ཁུངས་དེ་ ཁྲིམས་དོན་ཨིནམ་ལས་ རྒྱལ་ཁབ་ཀྱི་ ཁྲིམས་བཟོ་གནས་སྟངས་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོཝ་ཨིན་ཟེར་ བཤད་པའི་ཁར་ ཁེ་ཕན་འདི་གི་ཐོག་ལས་ ཁོ་གིས་ ཁྲིམས་བཟོ་ལྷན་སྡེའི་ནང་ འཐུས་མི་སྦེ་ ཕྱག་ཞུ་ནི་གི་ གོ་སྐབས་ཐོབ་པ་ཅིན་ ལེགས་ཤོམ་སྦེ་ ཕྱག་ཞུ་ཚུགསཔ་མནོཝ་མས་ཟེར་ སླབ་ཨིན་པས།
པདྨ་དབང་ཕྱུག་གིས་ གལ་སྲིད་ ཁོ་ བཙག་འཐུ་འགྲུབ་པ་ཅིན་ ཁོ་རའི་ ཐབས་བྱུས་གསུམ་ ལག་ལེན་འཐབ་ནི་ཨིནམ་སྦེ་ བཤད་དོ་ཡོདཔ་ད་ དེ་ཡང་ དང་པ་ར་ གཞུང་གིས་ གྲོས་འཆར་ཕུལ་མི་ ཁྲིམས་ཡིག་ཚུ་ འོས་འབབ་ཆེ་ཏོག་ཏོ་དང་ པདྨ་དགའ་ཚལ་དང་ རྒྱལ་ཁབ་ལུ་འབྲེལ་བ་ཡོད་མི་ གནད་དོན་གཙོ་ཅན་ཚུ་ སེལ་ཚུགསཔ་བཟོ་ནི་ལུ་ ངེས་བརྟན་བཟོ་ནི་ཟེར་ བཤདཔ་ཨིན་པས།
རྒྱལ་ཁབ་ཀྱི་ ཐོན་ཁུངས་དང་ རྒྱུ་དངུལ་ཚད་ལྡན་ཅིག་ལས་བརྒལ་མེད་མི་དེ་ འོས་འབབ་ཅན་ཚུ་ནང་ལངམ་སྦེ་ བགོ་སྤྲོད་འབད་ནིའི་དོན་ལུ་ ང་གིས་ རྒྱལ་ཁབ་ཀྱི་ འཆར་དངུལ་དེ་ ནན་ཞིབ་འབད་ནི་དང་ ཐོན་ཁུངས་བགོ་སྤྲོད་འབད་ཐངས་ཀྱི་ ལམ་ལུགས་དེ་ཡང་ བསྐྱར་ཞིབ་འབད་འོང་ཟེར་ འདེམས་ངོ་པདྨ་དབང་ཕྱུག་གིས་ ཁས་བླངས་འབདཝ་ཨིན་པས།
བདེ་ཆེན་གླིང་གི་འདེམས་ངོ་ ཤེས་རབ་རྒྱ་མཚོ་གིས་ ཁོ་རའི་ཟིན་དེབ་ ལག་པར་བཤེད་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ དོ་འགྲན་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ གསལ་བཤད་འབད་མིའི་ནང་ ཁོ་ར་ གཡུས་ཁ་ལུ་ ཟླཝ་༩ ལྷགཔ་ཅིག་ སྡོད་ཡོདཔ་ལས་ གྲོང་གསེབ་མི་སེར་ཚུ་གི་ ཉིན་བསྟར་མི་ཚེའི་ནང་ དཀའ་སྡུག་ཚུ་ ག་ཅི་ར་ བྱུངམ་ཨིན་ན་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
ན་གཞོན་གྱི་དཀའ་ངལ་ དཔེར་ན་ ལཱ་གཡོག་མ་ཐོབ་མི་དང་ ཁྲིམས་འགལ་གྱི་ལཱ་ངན་ དེ་ལས་ གྲོང་གཡུས་ལས་ ཁྲོམ་སྡེ་ནང་ གནས་སྤོ་འགྱོ་བའི་ དཀའ་ངལ་གཙོ་བོ་༢ ང་གིས་ བསལ་ཐབས་འབད་ནི་ཟེར་ ཤེས་རབ་རྒྱ་མཚོ་གིས་ མི་སེར་ཚུ་ལུ་ ཁས་བླངས་འབདཝ་ཨིན་པས།
ཁོ་གི་ ཁས་བླངས་གསལ་བསྒྲགས་གཞན་དེ་ ད་ལྟོ་ཡོད་མི་ བཅའ་ཁྲིམས་དང་ ཁྲིམས་ཡིག་ སྒྲིག་གཞི་ཚུ་ བསྐྱར་ཞིབ་དང་ ནན་ཞིབ་འབད་ཐོག་ལས་ འགྲོ་བ་མི་དང་ རི་དྭགས་སེམས་ཅན་གྱི་བར་ན་ དཀའ་ངལ་བྱུང་མི་ཚུ་ བསལ་ཐབས་འབད་ནི་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་ནང་ སྤྱིར་བཏང་གྲོས་གནས་ལས་རིམ་དེ་ སྤྱི་ཟླ་༤ པའི་ཚེས་༣ ལས་ འགོ་བཙུགས་ཡོདཔ་ད་ ལྕོང་ཤིང་ལུ་ འགོ་འདྲེན་འཐབ་མི་དེ་ ཐེངས་༥ པ་ཨིན་པས།
པདྨ་དགའ་ཚལ་གྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ སྤྱིར་བཏང་གྲོས་འཛོམས་བསྐུལ་བསྒྲགས་ལས་རིམ་ནང་ འདེམས་ངོ་ཚུ་གིས་ གསལ་བཤད་ཚུ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་ཐོག་ལུ་འབད་ནི་དེ་གིས་ ག་ཅི་སླབ་ཨིན་ན་ ཧ་མི་གོ་བས་ཟེར་ཨིན་པས།
གལ་སྲིད་ འདེམས་ངོ་ཚུ་གིས་ ང་བཅས་མི་སེར་གྱི་ སྐུ་ཚབ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ང་བཅས་ལུ་ ག་ཅི་འབད་ཚུགས་ནི་ཨིན་ན་ ཤར་ཕྱོགས་པའི་ཁ་ནང་ གསལ་བཤད་འབད་བ་ཅིན་ ཧ་གོ་ཚུགས་ནི་མས་ཟེར་ སྐྱེས་ལོ་༥༠ ལང་མི་ ཆོས་འཛོམས་ཀྱིས་ བཤདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༩ གི་ཕྱི་རུ་ པདྨ་དགའ་ཚལ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ མི་མང་གི་ རྩོད་བསྡུར་དངོས་མཐོང་སྦེ་ འགོ་འདྲེན་འཐབ་པའི་སྐབས་ འདེམས་ངོ་གསུམ་ཆ་ར་གིས་ རྫོང་ཁའི་ནང་ སྟབས་བདོ་ཏོག་ཏོ་དང་ བློ་སྟོབས་དང་བཅསཔ་སྦེ་ རྩོད་འགྲན་འབད་ཡོདཔ་ཨིན་པས།
གནད་དོན་དེ་ ང་བཅས་ཀྱིས་ སྤྱིར་བཏང་གྲོས་འཛོམས་བསྐུལ་བསྒྲགས་ལས་རིམ་ནང་ སླབ་མི་ཚུ་ བཅུད་བསྡུ་སྟེ་ སླབ་ནི་ཅིག་ར་ཨིནམ་ལས་ གྲ་སྒྲིག་ཐེབས་འབད་དགོཔ་མིན་འདུག་ཟེར་ རྒྱང་མཐོང་ཐོག་ལས་ རྩོད་བསྡུར་མ་འབད་བའི་ ཉིནམ་ཅིག་གི་ཧེ་མར་ ན་ནོང་གི་ འདེམས་ངོ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment