གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སེམས་ཅན་ཚེ་ཐར་གྱི་ ལམ་སྟོན་ཟིན་བྲིས་བཟོ་ཡོདཔ།

༡༡/༤/༢༠༡༣   ༉ རྒྱལ་ཁབ་ནང་ དམིགས་བསལ་ འཚོ་བ་ལ་ནོར་ལུ་བརྟེན་སྡོད་མི་ཚུ་གིས་ ལོ་བསྟར་བཞིན་དུ་ རང་སོའི་སེམས་ཅན་ཚུ་བསད་དེ་ ཤ་བཙོང་ཐོག་ལས་ འོང་འབབ་བཟོ་བའི་སྲོལ་ཡོད་མི་ལུ་བརྟེན་ སྙིང་རྗེ་དང་ ཆོས་སེམས་ཅན་ཚུ་གིས་ སེམས་ཅན་ཚེ་ཐར་གཏང་ནི་དེ་ ཆོས་དང་འབྲེལ་བའི་ལམ་ལུགས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།


མི་ངོ་རྐྱང་དང་ ཚེ་ཐར་གྱི་ལཱ་འབད་མི་ ཚོགས་པ་ཚུ་གིས་ སེམས་ཅན་ཚུ་ སྲོག་སྐྱབས་འབད་དེ་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ལས་ཕར་ བཏང་བཞག་དོ་ཡོདཔ་ལས་ དེ་བསྟུན་གྱི་གནོད་པ་ཚུ་ བྱུང་དོ་མི་ལུ་བརྟེན་ འཕྲལ་མགྱོགས་ར་ ཚེ་ཐར་གྱི་ལམ་སྟོན་ཅིག་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་པས།
ལམ་སྟོན་དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ སེམས་ཅན་ཚེ་ཐར་བཏང་མིའི་ གྱངས་ཁ་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ སྒོ་ནོར་ལས་ཁུངས་དང་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་འདོན་དབང་འཛིན་༢ མཉམ་འབྲེལ་ཐོག་ལས་ བཟོ་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༤ ལུ་ ཐིམ་ཕུ་ལུ་སྦེ་ དབང་འཛིན་༢ དང་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ གྲོས་སྟོན་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཐོག་ལས་ ལམ་སྟོན་གྱི་ ཟིན་བྲིས་གུ་ལུ་ གྲོས་བསྡུར་འབད་ཡོདཔ་ད་ སྒོ་ནོར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སེམས་ཅན་ཚེ་ཐར་བཏང་མི་ལུ་བརྟེན་ འདས་པའི་ལོ་ཚུ་ནང་ བྱ་ནད་དང་ སྒོ་ནོར་སེམས་ཅན་གྱི་ནད་གཞི་ ཁག་༢ དེ་ཅིག་ ཐོན་ཡི་ཟེར་ སླབ་ཡོདཔ་ཨིན་པས།
ནད་གཞི་ཚུ་ཡང་ རྒྱ་གར་རྒྱལ་ཁབ་ནང་ལས་ འབྲུག་མི་ཚུ་གིས་ ཚེ་ཐར་གྱི་སེམས་ཅན་ཚུ་ རྒྱལ་ཁབ་ནང་འབག་འོང་ཞིནམ་ལས་ ག་ལྷོད་བཏང་བཞག་མི་ལུ་བརྟེན་ཨིན་རུང་ ད་རེས་ཡོད་པའི་ སྒོ་ནོར་ལས་ཁུངས་ཀྱི་ ཁྲིམས་ལུགས་དེ་གིས་ ད་ལས་ཕར་ རྒྱལ་ཁབ་གཞན་ཁ་ལས་ ཚེ་ཐར་གྱི་སེམས་ཅན་ འབྲུག་ལུ་འབག་འོང་ནི་ལས་ བཀག་ཆ་འབདཝ་ཨིན་པས།
ཁྲིམས་ལུགས་དེ་ནང་ ཚེ་ཐར་ཟེར་མི་ འབྲས་བཤད་དང་ བྱ་སྒོ་ཚུ་ གསལ་བཀོད་འབད་དེ་མེདཔ་མ་ཚད་ ཚེ་ཐར་བཏང་བའི་སྐབས་ སེམས་ཅན་ཚུ་གི་ འཕྲོད་བསྟེན་བརྟག་དཔྱད་འབད་ནི་ མེད་མི་ལུ་བརྟེན་ ལམ་སྟོན་དེ་ ཁག་ཆེ་ཟེར་ སོ་ནམ་ལྷན་ཁག་གི་ ཡོངས་འབྲེལ་འཆར་སྒོའི་ནང་ གསལ་སྟོན་འབད་མི་ནང་ བཀོད་ནུག།
གནས་ཚུལ་དང་འཁྲིལཝ་ད་ ལམ་སྟོན་དེ་གིས་ ཐད་ཀར་དང་ ཐད་ཀར་མེན་པའི་ ཚེ་ཐར་ལམ་ལུགས་ཀྱི་ གནད་དོན་ཁག་༡༡ དེ་ཅིག་ལུ་ ཁྱབ་ཚུགས་ནི་ཨིནམ་ད་ དེ་ཡང་ སེམས་ཅན་གྱི་རིགས་དང་ སེམས་ཅན་ག་དེམ་ཅིག་ ཚེ་ཐར་བཏང་ཆོགཔ་ཨིན་ན་ ཚེ་ཐར་མ་གཏང་བའི་ཧེ་མར་ གནང་བ་ལེན་དགོཔ་ ཆོག་ཐམ་ལེན་དགོཔ་ སེམས་ཅན་ཚུ་བཞག་སའི་ ས་ཁོངས་ཀྱི་དགོས་མཁོ་ སེམས་ཅན་འབག་འོང་བའི་ས་གནས་ འཕྲོད་བསྟེན་དང་ འཛིན་སྐྱོང་ ཚེ་ཐར་ཚོགས་པ་ ཐོ་བཀོད་འབད་དགོཔ་ དེ་ལས་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ཡོདཔ་ཨིན་པས།
ལམ་སྟོན་དང་འཁྲིལཝ་ད་ ཚེ་ཐར་གཏང་ནི་ཨིན་མི་ སེམས་ཅན་གྱི་རིགས་ ག་ཅི་ར་འབད་རུང་ རྒྱལ་ཁབ་ནང་འཁོད་ལས་ར་དགོཔ་ད་ ཚེ་ཐར་བཏང་པའི་སྐབས་ ས་གནས་ཀྱི་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་སྟེ་ ས་ཆའི་ཤོང་ཚད་དང་ འཁྲིལ་དགོཔ་ཨིན་པས།
འབྲུག་བཟའ་སྤྱོད་ཁྲིམས་འདོན་དབང་འཛིན་གྱིས་ སེམས་ཅན་གྱི་ ཕན་བདེའི་དགོས་མཁོ་ཚུ་ ལྟ་ཞིབ་འབད་དེ་ སྤོ་བཤུད་འབད་ནིའི་གནང་བ་ཚུ་ སྤྲོད་ནི་དང་ ཚེ་ཐར་ཚོགས་པ་གིས་ སྒོ་ནོར་ལས་ཁུངས་ཀྱི་ རྒྱབ་སྐྱོར་ཐོག་ལས་ ཚེ་ཐར་བཏང་མི་སེམས་ཅན་ཚུ་ལུ་ སྨན་ཁབ་ཚུ་ དུས་མཐུན་ཐོག་ བཙུགས་དགོཔ་ཨིན་པས།
གལ་སྲིད་ ཚེ་ཐར་བཏང་མི་སེམས་ཅན་ཚུ་ལུ་ ཤི་རྐྱེན་རེ་བྱུང་བའི་སྐབས་ ཚོགས་པ་གིས་ སྒོ་ནོར་ལས་ཁུངས་ཚུ་ལུ་ སྙན་ཞུ་འབད་དེ་ ཤ་ཚུ་ ས་དོང་ནང་ བཙུགས་བཞག་དགོཔ་མ་གཏོགས་ བཟའ་སྤྱོད་འབད་མ་ཆོགཔ་ཨིན་པས།
ཚེ་ཐར་ཚོགས་པ་ཚུ་གིས་ ཁྲིམས་མཐུན་གྱི་ ལཱ་འབད་ཐབས་ལུ་ གཞུང་མིན་ལས་ཚོགས་སྦེ་ ཐོ་བཀོད་འབད་དགོཔ་ད་ གལ་སྲིད་ མི་ངོ་རྐྱང་ཚུ་གིས་ ཚེ་ཐར་གྱི་ལཱ་ འབད་འདོད་ཡོད་པ་ཅིན་ ཁྱད་ཆོས་ཚང་མ་ཚང་ཚུ་ལུ་ལྟ་སྟེ་ གནང་བ་ སྤྲོད་དགོཔ་ཨིན་པས།
ཚེ་ཐར་གྱི་དོན་ལུ་ བཀོད་ཚོགས་ཀྱི་ ཚོགས་པ་ཅིག་ཡང་ གཞི་བཙུགས་འབད་ནི་དང་ ཞལ་འཛོམས་དེ་ནང་ དབང་འཛིན་༢ ཀྱི་ འགོ་དཔོན་ཚུ་དང་ ཚེ་ཐར་གྱི་ལཱ་འབད་མི་ བྱང་ས་སེམས་ཅན་ཉམས་སྲུང་བློ་གཏད་མ་དངུལ་དང་ སེམས་ཅན་ཚེ་ཐར་ཚོགས་པའི་ནང་ ལཱ་འབད་མི་ཚུ་གིས་ འབྲེལ་གཏོགས་འབད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment