གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་༣ གྱིས་ སྲས་ཕུག་དང་ ཕོབ་སྦྱིས་ཁ་རྒེད་འོག་ནང་ རང་སོའི་ཁས་བླངས་ཚུ་གསལ་བཤད།

༩/༤/༢༠༡༣   ༉ དབང་འདུས་ཕོ་བྲང་ བ་འཇོ་ཁྲོམ་གྱི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ ཕྱག་རྡོར་རྣམ་རྒྱལ་གྱིས་འབད་བ་ཅིན་ གལ་སྲིད་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་ག་ཏེ་སྡོད་སར་ ཁོ་ར་ འགྱོ་ཞིནམ་ལས་ དཀའ་ངལ་ཚུ་བསལ་ནི་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ སྤྱི་ཟླ་༤ པའི་ཚེས་༧ ལུ་ སྲས་ཕུག་རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གི་དོན་ལུ་ འགོ་ཐོག་སྤྱིར་བཏང་གྲོས་གནས་འཚོགས་པའི་སྐབས་ ཁས་བླངས་འབད་ཡོདཔ་ཨིན་པས།
དབང་འདུས་ཀྱི་ ཚོགས་སྡེའི་འདེམས་ངོ་༣ གྱིས་ སྤྱིར་བཏང་གྲོས་གནས་ འགོ་འདྲེན་འཐབ་པའི་བསྒང་།


སྐྱེས་ལོ་༣༤ ལང་མི་ ཕྱག་རྡོར་རྣམ་རྒྱལ་གྱིས་འབད་བ་ཅིན་ ཁྲིམས་ག་ཅི་རང་བརྩམ་རུང་ མི་ཉམ་ཆུང་ཅིག་གིས་ཡང་ གོ་བ་ལེན་ཚུགསཔ་སྦེ་ བརྩམ་དགོ་པའི་ཁར་ འཕྲལ་ཕུགས་༢ ཆ་རའི་དོན་ལུ་ ཕན་ཐབས་འབྱུང་བའི་ ཁྲིམས་དགོཔ་ལས་ ཁོ་གིས་ དེ་བཟུམ་གྱི་ ཁྲིམས་བརྩམ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བདེ་སྐྱིད་དང་ ཞི་བདེ་གི་རྩ་བ་དེ་ ཁྲིམས་ཨིནམ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འགན་འཁྲི་ཚུ་གི་གྲས་ལས་ གཅིག་ ཁྲིམས་བརྩམ་ནི་དེ་ཨིན་ཟེར་ སླབ་ཨིན་པས།
ཁོ་གིས་ ཁྲིམས་བརྩམ་ནི་ལུ་ བརྩོན་ཤུགས་བཏོན་པའི་སྐབས་ མི་སེར་ཚུ་གིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་དགོ་ཟེར་ཨིནམ་ད་ དེ་ཡང་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནིའི་སྤྲོ་བ་ཡོད་རུང་ མི་ཚུ་གིས་ རྒྱབ་སྐྱོར་མ་འབད་བ་ཅིན་ འཐུས་མི་སྦེ་ བཅའ་མར་གཏོགས་ནིའི་གོ་སྐབས་ མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་སླབ་མིའི་ནང་ མ་གཞི་ རྒྱལ་ཡོངས་ཚོགས་སྡེ་ལུ་ གོང་འཕེལ་གྱི་ལཱ་ ཐད་ཀར་དུ་འབད་ནིའི་ འོས་འབབ་མེད་རུང་ གལ་སྲིད་ ཁོ་ར་ འདེམས་ངོ་སྦེ་ བཙག་འཐུ་འགྲུབ་བ་ཅིན་ གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ འཆར་གཞིའི་ལཱ་ཚུ་ འཐོབ་ཚུགསཔ་འབད་ནི་ཨིན་ཟེར་ཨིན་པས།
ཉི་ཤོ་རྒེད་འོག་གི་འདེམས་ངོ་ བསོད་ནམས་དབྱངས་ཅན་གྱིས་ སླབ་མིའི་ནང་ མོ་ར་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ གལ་ཅན་གྱི་ དཔྱད་ཡིག་མང་ཤོས་ཅིག་ འཕྲིན་སྣོན་འབད་བའི་ཁར་ བཅའ་ཁྲིམས་ཡང་ ལེ་ཤ་ཅིག་ར་ བསྐྱར་གསོ་འབད་ཡི་ཟེར་ཨིན་པས།
དེ་ལས་ དཔྱད་ཡིག་དང་ བཅའ་ཁྲིམས་དང་འབྲེལ་བའི་གནད་དོན་གཞན་ དབང་འདུས་ཕོ་བྲང་རྫོང་གི་ ལྷ་དར་འཕྱར་བའི་སྐབས་ ཁྱིམ་གུང་རེ་ལས་ མི་རེ་ ལཱ་འབད་བར་ཐོན་དགོ་པའི་ ལམ་ལུགས་དེ་ མི་སེར་ཚུ་གིས་ མོ་ལུ་སླབ་བཞིན་དུ་ འུར་ལཱ་འབད་མ་དགོཔ་བཟོ་ཡི་ཟེར་ཨིན་པས།
སྐྱེས་ལོ་༣༠ ལང་མི་ བསོད་ནམས་དབྱངས་ཅན་གྱིས་ སླབ་མིའི་ནང་ ཧེ་མ་ རྒྱལ་ཡོངས་ཚོགས་སྡེ་ནང་ ལོ་༥ ཕྱག་ཞུ་ནིའི་གོ་སྐབས་ མི་སེར་ཚུ་གིས་ གནང་ཡོདཔ་ལས་ ད་ལས་ཕར་ཡང་ འཕྲོ་མཐུད་དེ་ར་ ཕྱག་ཞུ་ནིའི་གོ་སྐབས་དེ་ མི་སེར་ཚུ་གིས་ར་ གནང་དགོ་ཟེར་ཨིནམ་ད་ མོ་གིས་ བསོད་སྙོམས་ལྷང་དོ་བཟུམ་སྦེ་ ཚོགས་རྒྱན་ལྷང་མི་དེ་ལུ་ མི་སེར་ཚུ་གིས་ ལྷ་ཁང་ནང་ སྙན་དར་ཕུལ་དོ་བཟུམ་ སྨོན་ལམ་ལེགས་ཤོམ་བཏབ་སྟེ་ གནང་ཟེར་ཨིན་པས།
དེ་ལས་ རུས་སྦིས་རྒེད་འོག་གི་འདེམས་ངོ་ བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ གལ་སྲིད་ ཁོ་གིས་ འདེམས་ངོ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ཐོབ་ལམ་ཚུ་ ལེགས་ཤོམ་བཟོ་ནི་ལུ་ ཤུགས་བཏོན་ནི་ཟེར་ཨིནམ་ད་ དེ་ཡང་ ཚོགས་སྡེ་དང་ ཚོགས་འདུའི་འཐུས་མི་ཚུ་ བཙག་འཐུ་གྲུབ་པའི་མཐའ་མར་ ཁོང་གི་ཐོབ་ལམ་ཚུ་ བཟོ་ཚུགས་ཡོདཔ་ཨིན་རུང་ ས་གནས་གཞུང་གི་འཐུས་མི་ཚུ་ལུ་ ཐོབ་ལམ་བཟོ་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ས་གནས་གཞུང་དེ་ ཁག་ཆེ་བའི་གཙུག་སྡེ་ཅིག་ཨིནམ་ལས་ ཐོབ་ལམ་ཡང་ ལེགས་ཤོམ་དགོ་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ མི་སེར་ཚུ་ལུ་ དཀའ་ངལ་ངོ་མ་གཅིག་ སྤྱི་འབོད་མ་ཐོབ་མི་ལུ་བརྟེན་ ཁྱིམ་གུང་རེ་ལས་ དངུལ་ཀྲམ་༡༠༠ རེ་ བསྡུ་ལེན་འབད་དེ་ སྤྱི་འབོད་ལུ་ བྱིན་ནིའི་ལམ་ལུགས་ཚུ་ཡང་ ཡང་ཅིན་ སྤྱི་འབོད་ཀྱི་ འགན་ཁག་དེ་ ཚོགས་པ་ལུ་འཐུས་ཡར་སེང་འབད་དེ་ བྱིན་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ མི་སེར་ཚུ་གིས་ དངུལ་ཀྲམ་༡ ཡང་ བཏོན་ཚུགས་པར་ ལཱ་ཁག་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་རུང་ འཆར་གཞིའི་ལཱ་ཚུ་ ཚོགས་སྡེའི་འཐུས་མི་ཚུ་གིས་འབད་ནི་དེ་ ལཱ་ཁག་ཨིན་རུང་ གཞུང་དང་གཅིག་ཁར་ བསྟུན་གྲོས་ཀྱི་ཐོག་ལས་འབད་ནི་ཟེར་ཨིན་པའི་ཁར་ ཁག་ཆེ་ཤོས་དེ་ སྤྱིར་བཏང་ལུ་ཕན་པའི་ཁྲིམས་བརྩམ་ནི་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ རང་བཙན་ལུ་ཡང་ ཕྱག་ཞུ་ནི་ཟེར་ཨིན་པས།
བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་དེ་ མི་སེར་གྱི་ དཀའ་ངལ་བསལ་ནི་ལུ་དམིགས་ཏེ་ཨིན་ཟེར་ བཤད་པའི་ཁར་ དེའི་བདེན་རྟགས་ལུ་ ཁོ་ར་ ཨེ་མི་རི་ཀ་ལུ་ གཙུག་ལག་ཤེས་ཡོན་སྦྱང་སྡོད་པའི་སྐབས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ས་ཡོམ་གྱིས་ ཁྱིམ་དང་ཅ་ཆས་ཚུ་ མེདཔ་བཏང་པའི་སྐབས་ ཕར་ཚུར་ལས་ མ་དངུལ་བསྡུ་ལེན་འབད་དེ་ དངུལ་ཀྲམ་འབུམ་༢ ལྷགཔ་ཅིག་ ཞལ་འདེབས་ཕུལ་བའི་ཁར་ ན་ཧིང་ དབང་འདུས་རྫོང་ མེ་མཆོད་བཞེས་པའི་སྐབས་ལུ་ཡང་ མ་དངུལ་འཚོལ་ཏེ་ དངུལ་ཀྲམ་འབུམ་༤ ལྷགཔ་ཅིག་ ཞལ་འདེབས་ཕུལ་ཡི་ཟེར་ཨིན་པས།
སྤྱིར་བཏང་གྲོས་གནས་དེ་ དྲོ་པ་སྲས་ཕུག་རྒེད་འགོ་ནང་ འགོ་འདྲེན་འཐབ་པའི་ཤུལ་ལས་ ཕྱི་རུའི་ཆུ་ཚོད་༢ ལུ་ ཕོབ་སྦྱིས་ཁ་རྒེད་འོག་ནང་ འགོ་འདྲེན་འཐབ་པའི་སྐབས་ལུ་ཡང་ འདེམས་ངོ་༣ གྱིས་ སྲས་ཕུག་རྒེད་འོག་ནང་ ག་ཅི་སླབ་མི་དེ་ ལོག་སླབ་ཡོདཔ་ཨིན།
ངོས་ལེན་འགོ་དཔོན་ ཀུན་ལེགས་དབང་འདུས་ཀྱིས་ སླབ་མིའི་ནང་ སྤྱིར་བཏང་གྲོས་གནས་་ལས་རིམ་དེ་ ཉིནམ་ཅིག་ལུ་ རྒེད་འོག་༢ ནང་ འགོ་འདྲེན་འཐབ་མི་དེ་ རྒེད་འོག་མང་ནི་དེ་གིས་ འབད་དགོཔ་ཐོན་ཡི་ཟེར་ཨིནམ་ད་ དེ་བཟུམ་གྱི་ གྲོས་ཐག་དེ་ཡང་ འདེམས་ངོ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༧ ལུ་ སྤྱིར་བཏང་གྲོས་གནས་སྐབས་ སྲས་ཕུག་ལུ་ མི་གྲངས་༣༠༠ ལྷགཔ་ཅིག་ འཛོམས་ཡོདཔ་ད་ ཕོབ་སྦྱིས་ཁ་ལུ་འབད་བ་ཅིན་ མི་གྲངས་༡༠༠ ལྷགཔ་ཅིག་འཛོམས་ཡི།
དབང་འདུས་ཕོ་བྲང་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ གསང་བའི་ཚོགས་རྒྱན་བཙུགས་ཆོག་མི་༡༧,༦༩༨ ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment