གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༦/༤/༢༠༡༣   ཆ་མེད་གཏང་ནི་མིན་པར་ དག་བཅོས་འབད་ནིའི་ གོ་སྐབས་བྱིན་དགོཔ།
༉ ད་རེས་ནངས་པ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་གཉིས་པ་ འགོ་འདྲེན་འཐབ་རན་མི་དང་བསྟུན་ སྤྱི་གཡོགཔ་དང་ ཞི་གཡོགཔ་ དྲག་ཁག་གསུམ་གྱི་ དམག་མི་དང་ འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ རང་སོའི་འདེམས་ཁོངས་ནང་ ངོས་ལེན་འགོ་དཔོན་ལུ་ ཞུ་ཡིག་གི་ འབྲི་ཤོག་བསྐྱལ་མི་ཚུ་ རྫོང་ཁག་གི་ བཙག་འཐུ་ལས་བྱེདཔ་ཚུ་གིས་ ནན་ཞིབ་འབད་དོ་ཡོདཔ་མས།


གལ་སྲིད་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་ཅིག་ ཆ་མེད་བཏང་པ་ཅིན་ ག་དེ་སྦེ་ འབད་ནི་ཨིན་ན? དེ་སྦེ་ ཆ་མེད་བཏངམ་ད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཐོག་ལས་ དམངས་གཙོའི་བྱ་རིམ་ནང་ འབྲེལ་གཏོགས་འབད་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ གོ་སྐབས་མེདཔ་ འགྱོ་ནི་ཨིན་ན?
གོང་གི་དྲི་བ་ཚུ་ ཟླཝ་༡ དེ་ཅིག་གི་ཧེ་མར་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་མི་ རྒྱལ་ས་ལྟེ་བ་ལུ་སྡོད་མི་ ཚོགས་རྒྱན་སྐྱུར་མི་ ལེ་ཤ་ཅིག་གིས་ བཀོདཔ་ཨིན་མས།
ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ཚུ་ལུ་ གོ་སྐབས་མི་འཐོབ་ནི་ཨིན་པའི་ ཚ་གྱང་ལང་དགོཔ་ཅིག་ཨིན་མི་དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་ནི་ལུ་ དུས་ཡུན་བདུན་ཕྲག་གསུམ་ཡང་ མ་ལུས་ནི་དེ་གིས་ཨིན་མས།
འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་ནི་ཚུ་ སྤྱི་ཟླ་༤ པའི་ཚེས་༣ ལུ་ ངོས་ལེན་འབད་ནི་ལས་ མཚམས་འཇོག་འབད་ཡོདཔ་བཞིན་དུ་ འདེམས་ཁོངས་སོ་སོའི་ ངོས་ལེན་འགོ་དཔོན་ཚུ་གིས་ ཁོང་ལུ་བཙུགས་མི་ ཞུ་ཡིག་ཚུ་ ཕྱིར་སེལ་རྐྱབ་ནི་དང་ ནན་ཞིབ་འབད་ནི་ འགོ་བཙུགས་མི་དང་བསྟུན་ སྤྱི་ཟླ་༤ པའི་ཚེས་༤ ལུ་ རྩི་རང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་མི་༡,༥༨༣ ལས་༣༧༣ གནད་དོན་ཁ་གསལ་ མ་ཚང་མི་ལུ་བརྟེན་ ཆ་མེད་བཏང་ནུག།
འདི་འབདཝ་ལས་ ཚོགས་རྒྱན་ན་འཐན་བཙུགས་རནམ་ད་ ཞུ་ཡིག་ཚུ་ ཆ་མེད་བཏང་མི་ལུ་ལྟ་སྟེ་ ལེ་ཤ་ཅིག་ར་ དབུགས་འགམ་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་གྱི་ འབྲི་ཤོག་ཞུ་ཡིག་བཀང་ནིའི་ནང་ ནོར་འཁྲུལ་ཞུགས་མི་ཚུ་ ལོག་དག་བཅོས་འབད་ནི་གི་ དུས་ཚོད་ཡང་ ཕྱིས་དོ་བཟུམ་མཐོངམ་མས།
མི་ཚུ་གིས་འབད་བ་ཅིན་ ནོར་བཅོས་འབད་ནི་ཚུ་ ཕྱིས་ཡོད་རུང་ ངོས་ལེན་འགོ་དཔོན་ཚུ་གིས་ འབྲེལ་ཡོད་ཅན་ཚུ་ལུ་ ཁོང་རའི་ཞུ་ཡིག་ཚུ་ནང་ གནད་དོན་མ་ཚངམ་དང་ འཛོལ་འཛོལཝ་ཡོད་པའི་སྐོར་ བརྡ་དོན་སྤྲོད་པ་ཅིན་ དག་བཅོས་འབད་ཐོག་ལས་ ཚོགས་རྒྱན་བཙུགས་ཚུགས་པའི་ འོས་འབབ་ཡོདཔ་ཨིན།
སྤྱི་ལོ་༢༠༠༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་མི་༢༠,༠༠༠ ལྷགཔ་ཅིག་ལས་ བརྒྱ་ཆ་༢༠ དེ་ཅིག་ལུ་མ་གཏོགས་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མ་བྱིན་པའི་ཁར་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་༣༠,༠༠༠ དེ་ཅིག་ འབྱོར་མི་ལས་ ཕྱེད་ཀ་ལྷགཔ་ཅིག་གིས་ གོ་སྐབས་མ་ཐོབ་ལས་ དབུགས་འགམ་དགོཔ་བྱུང་ནུག།
དེ་བཟུམ་མའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཐོག་ལས་ སྲིད་དོན་གྱི་ བྱ་རིམ་ཚུ་ནང་ འབྲེལ་གཏོགས་འབད་འདོད་ཡོད་མི་ཚུ་གི་དོན་ལུ་ བྱ་སྟབས་བདེ་ཏོག་ཏོ་ཡོདཔ་ཨིན་རུང་ གནད་དོན་ཚུ་ མ་ཚང་པའི་ གནད་ལུ་བརྟེན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མེདཔ་བཟོ་མི་ལུ་ལྟཝ་ད་ རྒྱལ་ཁབ་ཀྱིས་ བཙག་འཐུ་ཚུ་ནང་ མི་སེར་ཚུ་ལུ་ ཚོགས་རྒྱན་བཙུགས་དགོ་པའི་ སེམས་ཤུགས་བསྐྱེད་མི་དང་ རྒྱབ་འགལ་ཨིན་པའི་ མཐོང་སྣང་བྱུངམ་མས།
འདི་འབདཝ་ལས་ འབྲེལ་ཡོད་བཙག་འཐུ་འགོ་དཔོན་དང་ ངོས་ལེན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཞུ་ཡིག་བཙུགས་མི་ཚུ་ གནད་དོན་འཛོལ་ཏེ་ འབྲི་ཤོག་བཀང་མི་ཚུ་ ཐད་ཀར་དུ་ ཆ་མེད་མ་བཏང་པར་ འབྲེལ་བ་ཅན་ཚུ་དང་ འབྲེལ་བ་འཐབ་ཐོག་ལས་ དག་བཅོས་འབད་བཅུག་པ་ཅིན་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་ཡང་ མངམ་འཐོན་འོང་ཟེར་ ཞུ་ནི་ཨིན།

No comments:

Post a Comment