གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དྲནམ་བཏོན་ནི་དང་ གྲ་སྒྲིག་འབད་ནིའི་དུས་ཚོད།

མི་མང་བསམ་འཆར།
༉ འབྲུག་གི་སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་དང་ སྤྱིར་བཏང་བཙག་འཐུའི་ བྱ་རིམ་ཚུ་ ནམ་འགོ་འདྲེན་འཐབ་ནི་ཨིན་ན་ ང་བཅས་མི་སེར་ཆེ་འབྲིང་ཆུང་གསུམ་ག་ར་གིས་ མ་མཁྱེནམ་མི་འོང་ཟེར་ཞུ་ནི།


བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབདཝ་བཞིན་དུ་ སྲིད་དོན་ཚོགས་པ་༥ གིས་ བཙག་འཐུའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ རྫོང་ཁག་༢༠ གི་ འདེམས་ཁོངས་༤༧ གྱི་དོན་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོར་བའི་ཁར་ ལྕོགས་གྲུབ་དང་ སྒྲིང་སྒྲིང་ཡོད་མི་ འདེམས་ངོ་༤༧ ག་ར་ཚང་ཡོད་པའི་ ཁས་ལེན་ཡི་གུ་བཙུགས་ནི་གི་ ཚེས་གྲངས་མཇུག་ར་ སྤྱི་ཟླ་༥ པའི་གཙེས་ ༥ ལུ་ཨིན་མས།
སྲིད་ཚོགས་གང་རུང་ཅིག་གིས་ འདེམས་ངོ་༤༧ པོ་ཆ་ར་ ཚང་མ་ཚུགས་པ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་དེ་ ཆ་མེད་གཏང་ནི་གི་ དབང་ཚད་ཡང་འདུག་ཟེར་ཞུ་ནི།
འདི་འབདཝ་ད་ གལ་ཆེ་ཤོས་ར་ ཚོགས་རྒྱན་བཙུགས་མི་ཚུ་གིས་ རང་སོའི་ཐོབ་དབང་ཚུལ་མཐུན་སྦེ་ སྤྱོད་ནི་དང་ བཙག་འཐུ་ལྷན་ཚོགས་ཀྱིས་ རང་མོས་དང་ རྣམ་དག་གི་ བཙག་འཐུའི་བྱ་རིམ་ འགོ་འདྲེན་འཐབ་ནི་དེ་ཨིན་རུང་ སྲིད་དོན་ཚོགས་པ་ཚུ་གིས་ སྲིད་དཀྲུག་འབད་ནི་དང་ ཕུང་བརྡུང་ནི་གི་ ཉེན་ཁ་སྦོམ་ཡོདཔ་ལས་ ང་བཅས་མི་སེར་ཚུ་ དྲནམ་བཏོན་ནི་གི་ དུས་ཚོད་གངམ་མིན་འདུག་ཟེར་ཞུ་ནི།
ག་འཆརཔ་ཟེར་བ་ཅིན་ ཤུལ་མའི་བདུན་ཕྲག་ནང་ལས་ སྲིད་ཚོགས་ཚུ་གི་ གཙོ་འཛིན་ཚུ་ལས་འགོ་བཟུང་ འདེམས་ངོ་༢༣༥ རང་སོའི་འདེམས་ཁོངས་ཚུ་ནང་སོང་སྟེ་ མི་སེར་ཚུ་ལས་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ ཉེས་མེད་ཚོགས་རྒྱན་སྐྱུར་མི་ཚུ་གི་ སེམས་ལྷུ་ཐབས་ལུ་ སྲིད་ཚོགས་གཅིག་གིས་གཅིག་ལུ་ དམའ་ཕབ་རྐྱབ་ནི་དང་ སྐྱོན་བརྗོད་ལ་སོགས་པ་འབད་ནི་གི་ འོས་འབབ་ཡོད་ཟེར་ཞུ་ནི།
འདི་འབདཝ་ལས་ ང་བཅས་མི་སེར་ཚུ་ ནད་མ་འོངམ་ལས་རིམ་གྲོ་ ཆུ་མ་འོངམ་ལས་ གཡུར་བ་ཟེར་ སླབ་སྲོལ་ཡོདཔ་བཟུམ་སྦེ་ སྲིད་དོན་ཚོགས་པ་ཚུ་ འདེམས་ཁོངས་ཚུ་ནང་འོངམ་ད་ ཁོང་གི་ ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ ཤེས་རྟོགས་འབྱུང་ནི་གི་དོན་ལུ་ གྲ་སྒྲིག་འབད་དགོ་ཟེར་ཞུ་ནི།
འདི་དང་གཅིག་ཁར་ སྲིད་དོན་པ་ཚུ་གི་ རྒྱབ་སྐྱོར་པ་དང་ མཉམ་འབྲེལ་པ་ཚུ་གིས་ཡང་ ཚོགས་རྒྱན་སྐྱུར་མི་ཚུ་ ལྷུ་ནིའི་དོན་ལུ་ ནང་གསུག་རྐྱབ་ནི་གི་ ཉེན་ཁ་ཡང་ཡོདཔ་ལས་ དྲནམ་བཏོན་དགོཔ་མ་ཚད་ འདི་བཟུམ་མའི་ ཚུལ་མིན་གྱི་ ལས་སྣ་ཚུ་ལུ་ གདོང་ལེན་འབད་ནི་གི་ གྲ་སྒྲིག་འབད་དགོ་ཟེར་ཞུ་ནི།
གོང་ལུ་ ཞུ་དགོ་མི་དེ་ཡང་ ད་རིས་ནངས་པ་ སྲིད་ཚོགས་གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་ནི་ འགོ་བཙུགས་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ མི་མང་ལས་ རྒྱབ་སྐྱོར་འཐོབ་ནིའི་དོན་ལུ་ ཐབས་བྱུས་རྣམ་པ་སྣ་ཚོགས་ལག་ལེན་འཐབ་ནི་ འགོ་བཙུགས་ནུག་ཟེར་ཞུ་ནི།
གནས་སྟངས་ག་ཅི་བཟུམ་བྱུང་རུང་ མཐར་ཐུག་ལུ་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཚུགས་པའི་ འདེམས་ངོ་ལྕོགས་གྲུབ་ཅན་དང་ སྒྲིང་སྒྲིང་ཡོད་མི་ཚུ་ བཙག་འཐུ་འགྲུབ་ནི་གི་ ཐུགས་བཞེད་གནང་དགོ་ཟེར་ ཞུ་ནི་ཨིན།

བསོད་ནམས་དོན་གྲུབ། ཐིམ་ཕུ་ཁྲོམ།

No comments:

Post a Comment