གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ལུ་ ཚོགས་སྡེའི་སྤྱིར་བཏང་གྲོས་འཛོམས་བསྐུལ་བསྒྲགས་ མཇུག་བསྡུ་ཡོདཔ།

ཁྲོམ་སྡེའི་ནང་ དམངས་འཛོམས་ཞལ་འཛོམས་སྐབས་ བཅའ་མར་གཏོགས་མི་ གངམ་མ་ཐོན་པའི་མཐོང་སྣང་།
༡༣/༠༤/༢༠༣  ༉ སྤ་རོ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ཚུ་གི་དོན་ལུ་ སྤྱིར་བཏང་གྲོས་འཛོམས་བསྐུལ་བསྒྲགས་ལས་རིམ་དེ་ ཁ་ཙ་ སྤ་རོ་ཁྲོམ་ཁར་ མཇུག་བསྡུ་ཡོདཔ་ད་ དེ་བསྒང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་མེད་པའི་ མངོན་གསལ་བྱུང་ཡི།
སྤ་རོ་ཁྲོམ་གྱི་ ཚོགས་པའི་འཐུས་མི་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ ཚོང་ཁང་ཚུ་བཤལ་ཏེ་ བསྐུལ་བསྒྲགས་ནང་ བཅ་མར་གཏོགས་པར་ འོང་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ སྤྲོ་བ་བསྐྱེད་མི་བཏུབ་དོ་ཡོདཔ་ད་ ལ་ལུ་ཅིག་ ཁྱིམ་ནང་མི་མེད་ནི་དེ་གིས་ མ་ཁོམ་པར་ ལུས་སོ་ཡི་ཟེར་ཨིན་པས།



ཨིན་རུང་ ཁྲོམ་ཁར་ཚོང་རྐྱབ་སྡོད་མི་ ཨམ་སྲུ་༤ དེ་ཅིག་ བསྐུལ་བསྒྲགས་འགོ་འདྲེན་འཐབ་སའི་ དགའ་ལྡན་གློག་བརྙན་ཁང་ནང་ འོང་ཡོདཔ་ཨིན་རུང་ བསྐུལ་བསྒྲགས་ཨིན་ཟེར་ སླབ་པའི་སྐབས་ ཁོང་གི་མི་རྩིས་ སྤ་རོ་ལུ་མེད་ཟེར་སླབ་སྟེ་ ལོག་སོང་ཡི
དེ་ནང་ བཅའ་མར་གཏོགས་མི་ཚུ་ཡང་ མང་ཤོས་ར་ འདེམས་ངོ་ཁོང་རའི་ རྒྱབ་སྐྱོར་པ་ཚུ་ཨིནམ་སྦེ་མཐོང་ཡི།
མཐའན་མཇུག་གི་ བསྐུལ་བསྒྲགས་དེ་ཡང་ ཧེ་མ་བཟུམ་སྦེ་ འདེམས་ངོ་ཚུ་ སྐོར་རྒྱབ་ཐོག་ ཁང་མིག་ནང་བཙུགས་ཏེ་མེན་པར་ འདེམས་ངོ་ཚུ་ག་ར་ གཅིག་ཁར་སྡོད་དེ་ སྐོར་རྒྱབ་ཐོག་ལས་ གསལ་བཤད་ཚུ་འབད་དེ་ འགོ་འདྲེན་འཐབ་ཅི།
བསྐུལ་བསྒྲགས་ཀྱི་སྐབས་ སྐྱེས་ལོ་༤༩ ལང་མི་ ཝང་ལྕང་རྒེད་འོག་གི་འདེམས་ངོ་ ཀ་ཀ་ཚེ་རིང་གིས་ ག་དེམ་ཅིག་སྦེ་ བཙག་འཐུ་འགྲུབ་པ་ཅིན་ ང་གིས་ དེ་སྦེ་འབད་ནི་ཟེར་བའི་ ཁས་བླངས་ག་ཅི་ཡང་ འབད་མི་ཚུགས་པས་ཟེར་ཨིནམ་མ་ཚད་ ད་རེས་ཀྱི་གནས་སྟངས་ནང་ འོས་འབབ་ཡང་ མིན་འདུག་ཟེར་སླབ་ཅི།
ཨིན་རུང་ གལ་སྲིད་ གོ་སྐབས་འཐོབ་པ་ཅིན་ ཁོ་གིས་ གཞུང་དང་མི་སེར་ལུ་ ག་དེ་དྲག་དྲག་ ཕྱག་ཞུ་ནི་ཨིན་རུང་ ད་ལྟོ་ལས་ར་ མི་སེར་ཚུ་གིས་ མནོ་བསམ་ལེགས་ཤོམ་སྦེ་ བཏང་ཐོག་ལས་ ལྕོགས་གྲུབ་ཅན་གྱི་ངོ་ཚབ་ བཙག་ཐུ་འབད་དགོཔ་དེ་ ཁག་ཆེ་ཟེར་སླབ་ཅི།
ཁོ་གིས་ བཤད་མིའི་ནང་ ད་ལྟོ་ཚུན་ བསྐུལ་བསྒྲགས་ག་ཏེ་འགོ་འདྲེན་འཐབ་རུང་ མི་ཚུ་གིས་ ང་བཅས་ག་ར་ལུ་ རྒྱབ་སྐྱོར་ཡོད་ཟེར་ སླབ་མི་ལུ་ལྟཝ་ད་ ང་བཅས་༥ པོ་ཆ་ར་ རྒྱལ་ཁ་ཐོབ་ཡོདཔ་བཟུམ་ཅིག་ ཡར་སོའི་ཟེར་སླབ་ད་ བཅའ་མར་གཏོགས་མི་ཚུ་ དགོད་བྲ་སྟེ་སྡོདཔ་ཨིན་པས།
དེ་བཟུམ་སྦེ་ ནཱ་རྒྱ་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༢༥ ལང་མི་ ཀུན་ལེགས་རྡོ་རྗེ་གིས་ འདེམས་ངོ་ཚུ་དང་ མི་སེར་ཚུ་གིས་ ག་དེ་སྦེ་ར་སླབ་རུང་ ག་དེམ་ཅིག་སྦེ་ བཙག་ཐུ་གྲུབ་ཚར་བའི་བསྒང་ལས་ མི་ངོ་དེ་གིས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ ལཱ་ཚུ་འབད་ནི་མ་གཏོགས་ དེ་བ་ལྷག་པའི་ ལཱ་འབད་མི་ཅིག་ མི་འཐོན་ནི་དང་ འབད་ཡང་མི་ཆོགཔ་འོང་ཟེར་སླབ་ཅི།
དོཔ་ཤར་རིའི་འཐུས་མི་ བསོད་ནམས་དབང་ཕྱུག་གིས་ ཁོ་ར་ བཙག་འཐུའི་ནང་ བཅའ་མར་གཏོགས་དགོ་མི་དེ་ ཁོ་ར་ལུ་ ཁེ་ཕན་འཐོབ་ནི་ལུ་ལྟ་སྟེ་མེན་པར་ མི་སེར་ཚུ་ལུ་ ལེགས་ཤོམ་སྦེ་ ཕྱག་ཞུ་ནི་ལུ་དམིགས་ཏེ་ ཨིན་ཟེར་སླབ་ཅི།
ཁོ་གིས་འབད་བ་ཅིན་ གལ་སྲིད་ མི་སེར་ཚུ་གིས་ བློ་གཏད་ཐོག་ལས་ ཁོ་ར་བཙག་འཐུ་གནང་པ་ཅིན་ ཁོ་གིས་ རིག་པ་གསརཔ་དང་ གནས་སྐབས་གསརཔ་ཚུ་ བཏོན་ཐོག་ལས་ ཕྱག་ཞུ་འོང་ཟེར་ ཁས་བླངས་འབད་ཡི།
དོ་འགྲན་པ་ཚུ་གི་གྲས་ལས་ རྒས་ཤོས་ཅིག་ཨིན་མི་ ལུགས་གཉིས་རྒེད་འོག་གི་འདེམས་ངོ་ ཚེ་དབང་ནོར་བུ་གིས་ ད་ལྟོ་ རྫོང་ཁག་ནང་ལས་ འདེམས་ངོ་༥ ཐོན་ཏེ་ཡོད་རུང་ ག་ར་གི་དམིགས་དོན་དེ་ གཅིག་ར་ཨིན་ཟེར་སླབ་ཅི།
སྐྱེས་ལོ་༥༣ ལང་མི་ འདེམས་ངོ་དེ་གིས་འབད་བ་ཅིན་ གལ་སྲིད་ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ རྒྱལ་སྤྱིའི་གནམ་ཐང་དེ་ སྤ་རོ་ལུ་འབད་ནི་དེ་གིས་ ཁྲོམ་དེ་ གཙང་སྦྲང་དང་ལྡནམ་སྦེ་ བཟོ་ནི་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གི་ ཐོབ་ལམ་ཚུ་ཡང་ ཡར་སེང་འབད་ནི་ལུ་ ཤུགས་བཏོན་ནི་སྦེ་སླབ་ཅི།
ལམ་གོང་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༤༤ ལང་མི་ ཨོ་རྒྱན་ཚེ་རིང་གིས་ ཁོ་རའི་ཁས་བླངས་ཚུ་ ཤུགས་ཆེ་ཤོས་ར་ འབྲུག་གི་སའི་བཅའ་ཁྲིམས་༢༠༠༧ ཅན་མ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོ་བཏོན་ནི་ཨིན་ཟེར་སླབ་ཅི།
དེ་བསྒང་ ཁོ་གིས་ མི་སེར་ལུ་ བྱ་སྟབས་མ་བདེ་བའི་ བཅའ་ཁྲིམས་ཀྱི་གནད་དོན་ དག་པ་ཅིག་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ དེ་ཚུ་ བསྐྱར་ཞིབ་འབད་དེ་ ག་ཅི་བཟུམ་ཅིག་ལུ་ བསྒྱུར་བཅོས་འབད་ནི་ཨིན་ནའི་སྐོར་ལས་ཡང་ སླབ་ཡོདཔ་ཨིན།
རྫོང་ཁག་བཙག་འཐུ་འགོ་དཔོན་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ཟླ་༤ པའི་ཚེས་༥ ལས་འགོ་བཙུགས་མི་ སྤྱིར་བཏང་གྲོས་འཛོམས་བསྐུལ་བསྒྲགས་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་བཞིན་དུ་ སྤྱི་ཟླ་༤ པའི་ཚེས་༡ ལས་འགོ་བཙུགས་ ད་ལྟོ་འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ སྒོ་བཤལ་བསྐུལ་བསྒྲགས་ཀྱི་ལས་རིམ་དེ་ སྤྱི་ཟླ་༤ པའི་ཚེས་༢༡ གི་དྲོ་པའི་ཆུ་ཚོད་༩ གི་ནང་འཁོད་ལུ་ མཇུག་བསྡུ་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

                                                                                       ཉི་མ་དབང་འདུས།

No comments:

Post a Comment