གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་ སྤྱིར་བཏང་གྲོས་འཛོམས་འཚོགས་དོ་ཡོདཔ།

སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ཚུ།
༡༣/༠༤/༢༠༡༣  ༉ སྤྱི་ཚོགས་༢ པའི་རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་འཐབ་ནི་དེ་ བདུན་ཕྲག་༢ ལས་བརྒལ་མེདཔ་ལས་ རྒྱལ་ཁབ་ཀྱི་རྫོང་ཁག་༢༠ ཆ་མཉམ་ནང་ ཚོགས་སྡེའི་ སྤྱིར་བཏང་གྲོས་འཛོམས་འབད་འི་བསྒང་ཡོདཔ་ལས་ གསང་བའི་ཚོགས་རྒྱན་བཙུགས་མིའི་ནང་ བཅའ་མར་གཏོགས་མིའི་གྲས་ལས་༡ སྐྱེས་ལོ་༦༠ ལང་མི་ ཨང་རྒས་དམ་ཆོས་པདྨ་དེ་ཨིན་པས།


མོ་གིས་ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ དབང་འདུས་ཕོ་བྲང་ ཀ་བཞི་རྒེད་འོག་ལུ་
སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ མོ་རའི་གཡུས་ཁ་ལས་ འཛོམས་འདུ་རྐྱབ་ས་ལུ་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་གི་ས་ཁར་ རྐང་སྟོང་སྦེ་འོང་ཡོདཔ་ཨིན་པས།
མོ་གིས་ རྒྱལ་ཡོངས་ཚོགས་སྡེ་དང་ དེའི་འགན་འཁྲི་གི་སྐོར་ལས་ ཁ་གསལ་སྦེ་མ་ཤེས་རུང་ དམངས་གཙོའི་རིང་ལུགས་ནང་ འདེམས་ངོ་ལེགས་ཤོམ་ཅིག་ བཙག་འཐུ་འབད་ནི་དེ་ ཁག་ཆེཝ་ཨིནམ་ཧ་གོ་མི་ལུ་བརྟེན་ ལམ་ཐག་རིང་རུང་ དེ་ལུ་ འཚེར་སྣང་མེད་པར་ འོང་ཡི་ཟེར་ཨིན་པས།
དམ་ཆོས་པདྨ་དེ་ ཀ་བཞི་རྒེད་འོག་ བལ་འབྲོག་གཡུས་ཚན་ལས་ཨིནམ་ད་ གཡུས་ཚན་དེ་ཁར་ འཁོར་ལམ་ལས་ དུས་ཡུན་ཆུ་ཚོད་༦ དེ་ཅིག་ རྐང་སྟོང་སྦེ་འགྱོ་དགོ་པའི་ས་ཁར་ཨིན་རུང་ ད་རེས་ སློབ་གྲྭ་ནང་འགྱོ་མི་ མོ་རའི་ཨ་ལུ་ཚུ་བལྟ་སྟེ་ གདོང་ཀོབ་སྦྱིས་ཟེར་ས་ གཞིས་གསར་ནང་ སྡོད་དོ་ཟེར་ཨིན་པས།
དེ་ཚེ་དྲོ་པ་ དམ་ཆོས་པདྨ་གིས་ ཀ་བཞི་རྒེད་འོག་ལྟེ་བ་ལུ་
སྤྱི་བང་གྲོས་འཛོམས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ གདོང་ཀོབ་སྦྱིས་ལས་ དྲོ་པའི་ཆུ་ཚོད་༦ ལས་འོང་ནི་ འགོ་བཙུགས་མི་དེ་གིས་ ཆུ་ཚོད་༩ དེ་ཅིག་ཁར་ ས་གནས་ནང་ལྷོད་ཡོདཔ་ད་ དེ་ཡང་ གདོང་ཀོབ་སྦྱིས་ལས་ ཆུ་ཚོད་༡ རྐང་སྟོང་སྦེ་འོང་བའི་ཤུལ་ལུ་ སྣུམ་འཁོར་ནང་ཆུ་ཚོད་༢ འོང་ཡི་ཟེར་ཨིན་པས།
དམ་ཆོས་པདྨ་དེ་ གདོང་ཀོབ་སྦྱིས་ལས་འོང་མི་༢༠ གི་གྲས་ལས་ རྒན་ཤོས་ཅིག་ཨིནམ་ད་ མོ་གིས་
སྤྱི་བང་གྲོས་འཛོམས་ནང་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ བཅའ་མར་གཏོགས་པའི་ཤུལ་ལུ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ ལོག་གཡུས་ཁར་སོང་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཕྱི་རུའི་ཆུ་ཚོད་༡༠ དེ་ཅིག་ཁར་མ་གཏོགས་ ཁྱིམ་ནང་ལྷོད་མ་ཚུགས་ཟེར་ཨིན་པས།
གདོང་ཀོབ་སྦྱིས་ཀྱི་ ས་གནས་དེ་ ས་ཁ་མཐོ་སར་སྡོད་མི་ བེལ་འབྲོག་གི་དོན་ལུ་ གཞིས་གསར་ཨིནམ་ད་ ཁོང་ཁྱིམ་གུང་པ་༤༧ དེ་ཅིག་གིས་ ན་ཧིང་ལས་ ས་གནས་དེ་ཁར་ ཁྱིམ་སྦ་སྒོར་༢༠ དེ་ཅིག་སྤུབས་ཏེ་ གནས་སྐབས་ཀྱི་ སྒར་སྦེ་སྡོད་དོ་ཡོདཔ་ཨིན་པས།
དམ་ཆོས་པདྨ་གིས་འབད་བ་ཅིན་ གསང་བའི་ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ ད་ལྟོ་ ཐག་མ་བཅད་མི་དེ་ འདེམས་ངོ་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་ཁག་ཆེ་བས་ཟེར་ཨིནམ་ད་ མོ་གིས་ མ་ཤེས་ཏེ་འབད་རུང་ ཤེས་མི་ཚུ་ལུ་ དྲི་ཐོག་ལས་ འདེམས་ངོ་དེ་ལེགས་ཤོམ་ བསམ་པ་སེམས་བསྐྱེད་བཟང་པོ་ཅིག་ བཙག་འཐུ་འབད་ནི་ཟེར་ཨིན་པས།
དམ་ཆོས་པདྨ་དང་གཅིག་ཁར་ མི་༢༠ འོང་མིའི་གྲས་ལས་ ཅིག་སྐྱེས་ལོ་༥༠ ལང་མི་ བོད་ལ་དེ་ཨིནམ་ད་ ཁོ་ཡང་ དུས་ཚོད་འ་ནེམ་གཅིག་ཁར་ སློབ་ཕྲུག་ཨ་ལུ་ཚུ་ བལྟ་སྡོད་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ སྤྱི་མཐུན་གྲོས་འཛོམས་ནང་བཅའ་མར་གཏོགས་པར་འོང་མི་ཚུ་ མང་ཤོས་ཅིག་གདོང་ཀོབ་སྦྱིས་ལས་འོང་མི་དེ་ གནམ་དགུན་ལུ་ བེལ་འབྲོག་ལུ་གྱང་ནི་དེ་གིས་ ཁྱིམ་བལྟ་མི་དང་ ནོར་འཚོ་མི་རེ་གཉིས་ལས་མ་གཏོགས་ གཞན་ག་ར་ ས་གནས་ནང་ གནས་སྐབས་ཀྱི་གཞིས་ཆགས་ སྡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
བོད་ལ་གིས་འབད་བ་ཅིན་ གཡུས་ཁ་ལས་ དུས་ཡུན་ཆུ་ཚོད་༣ དེ་ཅིག་འོང་མི་དེ་ ཆུད་ཟད་འགྱོ་དོ་བཟུམ་མི་མཐོང་མས་ཟེར་སླབ་མི་དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ལྕོགས་གྲུབ་ཅན་ཅིག་དགོཔ་ལས་ དེ་བཟུམ་གྱི་ཁྱད་ཆོས་ཡོདཔ་ ཤེས་ནིའི་དོན་ལུ་ མི་ངོམ་ལྟ་བར་འོང་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

                                                               དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment