གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ལུ་ ཚོགས་རྒྱན་བཙུགས་མི་ཚུ་ དོགས་སྣང་ཐོག་ལུ་ཡོདཔ།

རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུའི་སྐོར་ལས་ གོ་བརྡ་
ལེགས་ཤོམ་མ་འཕྲོད་མི་ དགེ་ལེགས་ཕུག་གི་ མི་སེར་ཚུ།
༡༣/༠༤/༠༡༉ དགེ་ལེགས་ཕུག་ལུ་ ཁ་ཙ་ལས་ འཛོམས་འདུ་ཚུ་ མཇུག་བསྡུ་བའི་ཤུལ་ལས་ གསར་སྤང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་༥ གིས་ སྤྱི་ཟླ་༤ པའི་ཚེས་༥ ལས་འགོ་བཙུགས་ཏེ་ རྫོང་ཁག་འོག་གི་ རྒེད་འོག་༡༢ ཡོད་མི་ལས་༨ དང་ ཁྲོམ་སྡེ་ནང་ སྤྱིར་བཏང་གྲོས་འཛོམས་ལས་རིམ་ཚུ་ མཇུག་བསྡུ་ཡོད་རུང་ ཚོགས་རྒྱན་བཙུགས་མི་ལ་ལུ་ཅིག་ ད་ལྟོ་ཡང་ ལས་རིམ་དེ་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུ་ ག་ཅི་གི་དོན་ལུ་ཨིན་ན་ ཧ་མ་གོ་བར་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ དགེ་ལེགས་ཕུག་རྒེད་འོག་གི་དོན་ལུ་ དཔལ་རི་ཐང་སློབ་གྲྭའི་ སྤྱི་དོན་ཁང་ནང་སྦེ་ ལས་རིམ་མཇུག་བསྡུ་བའི་ཤུལ་ལུ་ དེ་ནང་འཛོམས་མི་ ཨམ་སྲུ་སྡེ་ཚན་ཅིག་ལུ་ དྲི་བཀོད་འབདཝ་ད་ ཤེས་རྟོགས་བྱུང་ཡི།
འཛོམས་གླིང་ཐང་སྤྱི་འོག་ནང་ལས་ སྐྱེས་ལོ་༣༦ ལང་མི་ དཀོན་མཆོག་གིས་ སླབ་མིའི་ནང་ དེ་ནང་ འདེམས་ངོ་༥ འཛོམས་ཡོད་མི་དེ་ སྲིད་དོན་ཚོགས་པ་༥ ཡོད་ཟེར་གོ་མིའི་ འདེམས་ངོ་༥ ཨིནམ་འོང་ནི་མས་ཟེར་ མནོ་སྡོད་ཡོདཔ་ལས་ མི་ངོམ་དེ་ གདམ་འཐུ་འབད་ནིའི་དོན་ལུ་ ཧེ་མ་ར་ ཚོགས་པའི་མགུ་ཏོ་དེ་ ག་བཟུམ་ཡོད་ག་ བལྟ་དགོ་ཟེར་ཨིན་པས།
ཨིན་རུང་ མོ་གིས་ སླབ་མིའི་ནང་ འདས་པའི་ཟླཝ་ནང་ མོ་རྒེད་འོག་ནང་ འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་ཐོག་ལས་ གདམ་འཐུ་འབད་མི་ མི་ངོམ་དེ་ཡང་ཡོདཔ་ལས་ ག་ཅི་སྦེ་ འོང་ཡོདཔ་ཨིན་ན་ ཧ་མ་གོ་ཟེར་ཨིནམ་ད་ ང་བཅས་ཆ་ཁྱབ་ ལོག་ཅི་ལོག་ཅི་ར་ འཛོམས་དགོ་དོ་ཡོདཔ་ད་ ད་ལས་ཕར་ ཐེངས་ག་དེམ་ཅིག་འཛོམས་དགོཔ་སྨོ་ཟེར་ སླབ་ཨིན་པས།
གཡུས་ཚན་དེ་ནང་ལས་ སྐྱེས་ལོ་༥༡ ལང་མི་ བཟང་མོ་གིས་ སླབ་མིའི་ནང་ ད་ཚུན་ ག་གིས་ཡང་ ག་དེ་སྦེ་ཨིན་ན་ གོ་བརྡ་སྤྲོད་པར་ མ་འོང་ཟེར་ཨིན་པས།
ཨམ་སྲུའི་སྡེ་ཚན་དེ་གིས་ སླབ་མིའི་ནང་ ཁོང་གི་ རྫོང་ཁ་དེ་ཡང་ ལེགས་ཤོམ་སྦེ་ ཧ་མ་གོ་མི་ལུ་བརྟེན་ ལས་རིམ་ནང་ ག་ཅི་སླབ་ཨིན་ན་ ཧ་མ་གོ་བའི་ འདེམས་ངོ་ཕུད་རྡོག་གཅིག་ཡང་ ཧེ་མ་ལས་ ངོ་ཤེས་འདྲིས་ཤེས་མེད་ནི་དེ་གིས་ ཚོགས་རྒྱན་ཡང་ ག་ལུ་བཙུགས་ནི་ཨིན་ན་ ཐག་བཅད་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ དེ་ནང་ ཤེས་རྟོགས་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་ཡང་ཡོདཔ་ད་ དཔལ་རི་ཐང་ཁ་སྨད་སྤྱི་འོག་ནང་ལས་ སི་བི་ པོག་ཝཱལ་གྱིས་འབད་བ་ཅིན་ ལས་རིམ་ནང་ འདེམས་ངོ་ཚུ་གི་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ སེམས་བཤུགས་བསྐྱེད་དེ་ ཉན་ཡོད་རུང་ གསལ་བཤད་ཚུ་ལུ་ལྟ་སྟེ་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ ཐག་བཅད་མ་ཚུགས་རུང་ མི་མང་རྩོད་བསྡུར་གྱི་ལས་རིམ་ བལྟ་ཞིནམ་ལས་ གཏན་འཁེལ་འགྱོ་ནི་མས་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་གིས་ རྫོང་ཁ་ལེགས་ཤོམ་སྦེ་ སླབ་ཤེས་མི་ཡང་ ལྟ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ སོ་ནམ་ཞིང་ལཱ་གི་ རྒྱབ་ཁུངས་ཡོད་མི་ཡང་ ལྟ་དོ་ཡོདཔ་ཨིན་པས།
རྫོང་ཁ་ལེགས་ཤོམ་སླབ་ཤེས་མི་གིས་ ང་བཅས་ཀྱིས་ ཞུ་མི་ཚུ་ ཚོགས་ཁང་ནང་ གསལ་ཏོག་ཏོ་སྦེ་ ཞུ་ཚུགས་ཟེར་ ཚོགས་རྒྱན་བཙུགས་མི་ཅིག་གིས་ སླབ་ཡོདཔ་ད་ གཞན་ཅིག་གིས་འབད་བ་ཅིན་ གཡུས་ཁ་ཁོང་བཟུམ་ལཱ་འབད་སྡོད་མི་ ཕམ་ཉམ་ཆུང་གི་ བུཚ་ཚུ་ལུ་ གོ་སྐབས་བྱིན་པ་ཅིན་ ཉམས་མྱོང་ཡོད་མི་ལུ་བརྟེན་ ཁོང་གི་སྐྱིད་སྡུག་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་ནི་དེ་གིས་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
ཨིན་རུང་ གསར་སྤང་རྫོང་ཁག་གི་ མི་སེར་ཚུ་གིས་ འདེམས་ངོ་ག་གདམ་ཁ་རྐྱབ་ནི་ཨིན་ན་ སླབ་མི་ཤེས་དོ་ཡོདཔ་ཨིན་པས།
དུས་ཡུན་སྐར་མ་༡༥ གི་ ལས་རིམ་ནང་ འདེམས་ངོ་༥ གིས་ རྒེད་འོག་གཞན་ཚུ་ནང་བཟུམ་སྦེ་ར་ ཁས་བླངས་གསལ་བསྒྲགས་ཚུ་འབད་ཡོདཔ་ད་ དེ་ཚུའི་གྲས་ལས་ ན་གཞོན་ལཱ་གཡོག་མེད་པའི་ དཀའ་ངལ་དང་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་བའི་ དཀའ་ངལ་བསལ་ནི་ དབུལ་ཕོངས་རྩ་མེད་གཏང་ནི་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་བསལ་ནི་ ད་ལྟོ་ཡོད་པའི་ བཅའ་ཁྲིམས་དང་ བཅའ་ཡིག་ཚུ་ བསྐྱར་ཞིབ་འབད་ནི་དང་ མི་སེར་ཚུ་ལུ་ ཕན་ཐོགས་པའི་ ཁྲིམས་གསར་བརྩམ་འབད་ནི་ཚུ་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་དང་འཁྲིལཝ་ད་ མི་མང་རྩོད་བསྡུར་གྱི་ལས་རིམ་དེ་ ད་རིས་ དགེ་ལེགས་ཕུག་ འབྲུག་ཨོ་ལིམ་པིག་ཁང་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིནམ་ད་ སྤྱིར་བཏང་གྲོས་འཛོམས་ཀྱི་ ལས་རིམ་དེ་ སྤྱི་ཚེས་༡༥ ལུ་ སེངྒེ་རྒེད་འོག་ལས་སྦེ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

                                                                   དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment