གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བར་མཚམས་ལུ་ སྤྱི་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་མི་གངམ་མེདཔ།

༡༣/༠༤/༢༠༡༣  དེ་ཡང་ གེ་ཟ་འཛུགས་སྐྱོང་འབད་ནིའི་ དུས་ཚོད་དང་ ཁ་ཐུག་རྐྱབ་ནི་དེ་གིས་ མི་སེར་མང་ཤོས་ཅིག་ འོང་མ་ཚུགས་པས།
སྦིས་གདུང་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་པའི་ཤུལ་ལས་ ཐག་རིང་གི་ ས་གནས་ཚུ་ལས་འོང་མི་ཚུ་ ལྟོ་མཛར་བཅིངས་འབག་འོང་མི་དེ་ བཟའ་བའི་བསྒང་།


༉ བཀྲ་ཤིས་སྒང་རྫོང་ཁག་ བར་མཚམས་རྒེད་འོག་ནང་ གེ་ཟ་འཛུགས་སྐྱོང་འབད་ནི་གི་ དུས་ཚོད་དང ཁ་ཐུག་རྐྱབ་མི་ལུ་བརྟེན་ རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཕུད་རྡོག་གཅིག་ལས་མེད་མི་ བསོད་ནམས་ཀུན་དགའ་གི་ སྤྱིར་བཏང་གྲོས་འཛོམས་ཀྱི་ བསྐུལ་བསྒྲགས་ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ ལེ་ཤ་ཅིག་ར་ འོང་མ་ཚུགས་པས།
དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ འགོ་འདྲེན་འཐབ་མི་ སྤྱིར་བཏང་གྲོས་འཛོམས་སྐབས་ ཁྱིམ་གུང་༣༣༠ ལྷགཔ་ཅིག་ཡོད་པའི་ སོ་ནམ་པ་ཚུ་ རང་སོའི་ཞིང་ནང་ གེ་ཟ་བཏབ་ཡོད་ནི་དེ་གིས་ མི་སེར་༡༠༥ རྐྱངམ་གཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ རྫོང་ཁག་བཙག་འཐུ་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ཚུན་གྱི་བར་ན་ བསྐུལ་བསྒྲགས་ལས་རིམ་ཚུ་ རྒེད་འོག་༩ ནང་ མཇུག་བསྡུ་ཡོད་མི་ལས་ བར་མཚམས་རྒེད་འོག་གི་ གྲོས་འཛོམས་ནང་ བཅའ་མར་གཏོགས་མི་དེ་ ཉུང་ཤོས་ཨིན་ཟེར་ཨིན་པས།
མཁའ་གླིང་རྒེད་འོག་གི་ མཐའ་ཟུར་སྤྱི་འོག་ བྲེ་ཁ་དང་མི་རིང་ཟོར་ དེ་ལས་ ཏོ་ཀ་ཕུ་དང་ སྦལ་ཕུག་ནང་ མི་སེར་༩༠ ལྷགཔ་ཅིག་གིས་ གྲོས་འཛོམས་ནང་ བཅའ་མར་གཏོགས་ཡོདཔ་ད་ ད་ཚུན་གྱི་བར་ན་ རྐང་པ་ར་དང་ ཨུ་མཛོ་རོང་ བསམ་མཁར་ མཁའ་གླིང་ བཀང་ལུང་རྒེད་འོག་ཚུ་ནང་ གྲོས་འཛོམས་མཇུག་བསྡུ་ཡོདཔ་ཨིན་པས།
བར་མཚམས་རྒེད་འོག་ནང་ ཁྱིམ་གུང་༤༣༠ ལྷགཔ་ཅིག་ཡོདཔ་ཨིན་རུང་ ཁྱིམ་གུང་༡༣༠ དེ་ཅིག་ནང་ མི་སྡོད་མི་མེད་པར་ གུང་སྟོང་བཞག་ཡོདཔ་མ་ཚད་ ཁྱིམ་གུང་༢༢༥ དེ་ཅིག་གིས་ གྲོས་འཛོམས་ནང་ མ་འོང་པས།
རྒེད་འོག་དེ་ནང་ མི་རློབས་༣,༠༠༠ ལྷགཔ་ཅིག་ཡོད་མི་ལས་ ཁྱད་ཚད་ལྡན་མི་ ཚོགས་རྒྱན་སྐྱུར་མི་༢,༡༠༥ ཡོདཔ་ཨིན་པས།
བར་མཚམས་ཀྱི་དམངས་མི་ དགའ་སྤྲོ་གིས་ མི་སེར་ཚུ་ གྲོས་འཛོམས་ནང་ འོང་མ་ཚུགས་མི་དེ་ གེ་ཟ་འཛུགས་སྐྱོང་འབད་བའི་ དུས་ཚོད་དང་ དུས་མཉམ་ལུ་ ཕོག་ནི་དེ་གིས་ཨིན་ཟེར་ བཤད་པའི་ཁར་ ཞག་དག་པ་ཅིག་གི་ཧེ་མ་ཡང་ འཛོམས་འདུ་ཅིག་ རྐྱབ་མི་དེ་གིས་ མི་སེར་ཚུ་གི་ལཱ་ལུ་ བར་ཆད་རྐྱབ་ཅི་ཟེར་ སླབ་ཨིན་པས།
ཟོང་ཐུང་གཡུས་ཚན་ལས་ བློ་བཟང་ཡེ་ཤེས་ཀྱིས་འབད་བ་ཅིན་ མི་སེར་ཚུ་ གེ་ཟ་འཛུགས་སྐྱོང་འབད་དེ་ འདུ་འཛི་སྦེ་ཡོད་པའི་ཁར་ བསྐུལ་བསྒྲགས་དེ་ ཚོགས་རྒྱན་བཙུགས་ནི་གི་ ཉིནམ་ངོ་མ་མེནམ་ལས་ གྲོས་འཛོམས་ནང་ མ་འགྱོ་རུང་ བཏུབ་འོང་མནོ་སྟེ་ ཞིང་ལཱ་འབད་སྡོད་ནུག་ཟེར་ཨིནམ་ད་ ཨིན་རུང་ ཚོགས་རྒྱན་གྱི་ཉིན་མར་ ག་ར་གིས་ བཅའ་མར་གཏོགས་འོང་མནོ་བའི་ རེ་བ་ཡོད་ཟེར་ སླབ་ཨིན་པས།
བསོད་ནམས་ཀུན་དགའ་གིས་ཡང་ བར་མཚམས་དེ་ བཀྲིས་སྒང་རྫོང་ཁག་ནང་ རྒེད་འོག་ཆུང་ཀུ་ཅིག་ཨིནམ་ལས་ གྲོས་འཛོམས་ནང་ མི་ཉུང་སུ་ཅིག་ལས་མེད་མི་ལུ་ སེམས་ཕམ་མ་བྱུང་ཟེར་ སླབ་ཨིན་པས།
ཨིན་རུང་ མི་སེར་ལ་ལུ་གིས་ སླབ་མི་དང་འཁྲིལཝ་ད་ གྲོས་འཛོམས་ནང་ མི་སེར་ཉུང་སུ་ཅིག་ལས་ མ་འོང་མི་དེ་ འདས་པའི་བཙག་འཐུ་ནང་བཟུམ་སྦེ་ རྒེད་འོག་གི་ མི་ཚུ་གིས་ བསོད་ནམས་ཀུན་དགའ་ལུ་ རྒྱབ་སྐྱོར་མེད་པའི་ བརྡ་མཚོན་མེན་ན་ཟེར་བའི་ དོགས་སྣང་ཡོད་ཟེར་ སླབ་ཨིན་པས།
གནད་དོན་དེ་ལུ་ མི་སེར་ཚུ་གིས་ དོགས་སེལ་འབད་མིའི་ནང་ གྲོས་འཛོམས་ནང་ བཅའ་མར་མ་གཏོགས་མི་དེ་ རྒྱབ་སྐྱོར་མེད་པའི་ གནད་དོན་ལུ་བརྟེན་མེན་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༧ ལུ་ ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་༣ ཡོད་ནི་དེ་གིས་ མི་སེར་ཚུ་ ཁག་དབྱེ་སོང་ཡོད་རུང་ ད་རིས་འབདཝ་ད་ འདེམས་ངོ་ཕུད་རྡོག་གཅིག་ལས་བརྒལ་ མེདཔ་ལས་ ཁོ་ལུ་ རྒྱབ་སྐྱོར་མེད་པའི་ རྟགས་མཚན་མིན་འདུག་ཟེར་ བློ་བཟང་ཡེ་ཤེས་ཀྱིས་ སླབ་ཨིན་པས།
བསོད་ནམས་ཀུན་དགའ་གིས་ཡང་ འཛོམས་འདུ་མཇུག་བསྡུ་བའི་སྐབས་ སྤྱི་འོག་དག་པ་ཅིག་གི་ མི་སེར་ཚུ་གིས་ བཅའ་མར་གཏོགས་མ་ཚུགས་མི་དེ་ ཁོ་ལུ་ རྒྱབ་སྐྱོར་མེད་ནི་དེ་གིས་མེན་པར་ ལཱ་གིས་མ་ཁོམ་པར་ཨིནམ་སྦེ་ དོགས་སེལ་འབད་མི་ ཐོན་ཡི་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment