གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༠/༤/༢༠༡༣   ཚོགས་རྒྱན་ས་ཁོངས་མངམ་དགོ་ནི།
༉ དམངས་གཙོའི་རིང་ལུགས་ཀྱི་ གཙུག་སྡེ་རྩ་ཆེ་ཤོས་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་ཨིནམ་ལས་ ཚོགས་ཁང་དེ་གཉིས་ལུ་ སྤྱི་ཚོགས་ཟེར་སླབ་ཨིན།


སྤྱི་ཚོགས་འདི་ མི་སེར་གྱིས་ བཙག་འཐུ་འགྲུབ་དགོཔ་ད་ འབྲུག་གི་དམངས་གཙོ་ཅན་གྱི་ སྤྱི་ཚོགས་དང་པ་ར་ སྤྱི་ལོ་༢༠༠༨ ལུ་  བཙག་འཐུ་གྲུབ་སྟེ་ དུས་ཅི་ སྤྱི་ཟླ་༤ པ་ལས་ ལོ་ལྔའི་གནས་ཡུན་ཚང་མི་དང་བསྟུན་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༢ པ་འདི་ བདུན་ཕྲག་༢ ཀྱི་རྒྱབ་ལས་ འགོ་འདྲེན་འཐབ་ནི་ཨིནམ་ལས་ འདེམས་ངོ་ཚུ་གི་ རྒྱང་མཐོང་རྩོད་འགྲན་དང་ སྤྱིར་བཏང་གྲོས་གནས་ཀྱི་ བསྐུལ་བསྒྲགས་ལས་རིམ་ཚུ་གི་ འུར་བྱེལ་ལང་སྟེ་ཡོདཔ་ཨིན།
དེ་གི་ཤུལ་ལས་ ཟླཝ་༡ དང་༢ ཀྱི་ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་འདུའི་དོན་ལས་ སྲིད་ཚོགས་༥ ལས་༢ གདམ་ཁ་རྐྱབ་ནི་གི་ འགོ་ཐོག་བཙག་འཐུ་འགོ་འདྲེན་འཐབ་པའི་ཤུལ་ལུ་ ཟླཝ་༦ པའི་ཟླ་མཇུག་དང་ ཡང་ཅིན་ སྤྱི་ཟླ་༧ པའི་སྔ་ཆ་ལུ་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་སྟེ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ བཙག་འཐུ་འབད་ནི་ཨིན་མས།
སྤྱི་ཚོགས་ཀྱི་ བཙག་འཐུའི་དོན་ལུ་ ག་ཅི་ཁག་ཆེ་ནི་ཨིན་ན?
དམངས་གཙོའི་རིང་ལུགས་ཟེར་མི་དེ་ མི་མང་གིས་ འབྲེལ་གཏོགས་ཐོག་ལས་ གཞུང་བཙག་འཐུ་འབད་ཞིནམ་ལས་ གཞུང་སྐྱོང་མི་ལུ་ སླབ་བཞིན་དུ་ མདོར་བསྡུ་བ་ཅིན་ གཞུང་སྐྱོང་ནི་དང་ བཙག་འཐུ་འབད་ནི་གི་ དབང་ཚད་དེ་ མི་སེར་གྱི་ ལག་པར་ཡོདཔ་ཨིན། བཙག་འཐུ་དེ་ མཐར་འཁྱོལ་ཅན་འབྱུང་དགོ་པ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འབྲེལ་གཏོགས་འབད་དགོཔ་འདི་ ག་ནི་བ་གལ་ཆེ།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ཡང་ ཚོགས་རྒྱན་བཙུགས་མི་ གང་མང་གིས་ བཅའ་མར་གཏོགས་ནིའི་དོན་ལུ་ བཙག་འཐུ་དང་འབྲེལ་བའི་ གོ་བརྡ་དང་ ཤེས་ཡོན་ཚུ་ བྱིན་བཞིན་དུ་ཡོདཔ་ད་ ལོ་༥ གི་ཧེ་མར་ སྤྱི་ཚོགས་ཀྱི་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་མི་དེ་ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ འབྲུག་མི་སྐྱེས་ལོ་༡༨ ཡན་ཆད་འབད་མི་ བརྒྱ་ཆ་༨༠ དེ་ཅིག་གིས་ བཅའ་མར་གཏོགས་མི་དེ་ ལུང་ཕྱོགས་ཀྱིས་མ་ཚད་པར་ འཛམ་གླིང་གནས་ཚད་ནང་ཡང་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པའི་ ངོས་འཛིན་འབད་དེ་ཡོདཔ་ཨིན།
དེ་བསྒང་ ཞི་གཡོགཔ་ལས་འགོ་བཟུང་ མི་ཆེ་འབྲིང་ཆུང་གསུམ་མང་ཤོས་ཀྱིས་ ཚོགས་རྒྱན་བཙུགས་ནིའི་ནང་ བཅའ་མར་གཏོགས་མི་དེ་ཡང་ འབྲུག་གི་དམངས་གཙོའི་རིང་ལུགས་ འགོ་དང་པ་གཞི་བཙུགས་འབད་མི་དེ་ མཐར་འཁྱོལ་ཅན་ བྱུང་ཐབས་ལུ་ཨིན་མས།
དུས་ཅིའི་ བཙག་འཐུའི་སྐབས་ སྤྱི་ལོ་༢༠༠༨ བཟུམ་སྦེ་ ཚོགས་རྒྱན་བཙུགས་མི་ འཐོན་འོང་ག? རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ དུས་ཚོན་འོས་ལྡན་ཅིག་ནང་ ཕོག་ཡོད་རུང་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་ བྱ་རིམ་ཚུ་ གནམ་བྱཱར་གྱི་ ཆར་ཆུ་འབོལ་བའི་སྐབས་དང་ སོ་ནམ་ཞིང་པ་ཚུ་ ཞིང་ལཱ་གིས་སྦེ་ འདུ་འཛི་ཅན་སྦེ་སྡོད་པའི་ དུས་ཚོད་ནང་ ཕོག་ནི་དེ་གིས་ ཧེ་མ་བཟུམ་སྦེ་ ཚོགས་རྒྱན་བཙུགས་མི་ མི་འོང་ཟེར་ དོགས་སྣང་བསྐྱེདཔ་ཨིན་མས།
ད་རུང་ གཞུང་དང་ ལས་འཛིན་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ཡང་ ཆར་ཆུ་དང་ འཁོར་ལམ་གྱི་ གནས་སྟངས་ཚུ་ལུ་བརྟེན་ རང་སོའི་འདེམས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་ལུ་ སྤྲོ་བ་མེདཔ་འགྱོ་ནི་གི་ འོས་འབབ་ཡོད།
འདི་འབདཝ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ བཙག་འཐུའི་བྱ་རིམ་ནང་ བཅའ་མར་གཏོགས་ནི་གི་ བརྩོན་ཤུགས་བསྐྱེད་ཐབས་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ མི་རློབས་མངམ་ཡོད་པའི་ཁྲོམ་སྡེ་ དཔེར་ན་ ཐིམ་ཕུ་དང་ ཕུན་ཚོགས་གླིང་བཟུམ་ཚུ་ནང་ རྫོང་ཁག་སོ་སོའི་ མི་ཚུ་གིས་ རང་སོའི་འདེམས་ཁོངས་ཀྱི་ འདེམས་ངོ་ལུ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ སྤྱིར་བཏང་གི་ ཚོགས་རྒྱན་ས་ཁོངས་ཐེབས་དག་པ་ཅིག་ གཞི་བཙུགས་འབད་ནི་གི་ ཐབས་ལམ་བཏོན་དགོཔ་འདུག།
འདི་བཟུམ་མའི་ ཚོགས་རྒྱན་ས་ཁོངས་ཐེབས་གཞི་བཙུགས་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ལུ་ མི་སྟོབས་དང་ མ་དངུལ་ཐེབས་གནས་ནི་ཨིན་རུང་ མི་མང་གི་ སྟབས་བདེ་སྡུག་དང་ མི་སེར་གང་མང་གིས་ ཚོགས་རྒྱན་བཙུགས་ནི་ དེ་ལས་ དམངས་གཙོའི་རིང་ལུགས་ མཐར་འཁྱོལ་ཚུགསཔ་ བཟོ་ནི་གི་ ཐབས་ལམ་ལག་ལེན་འཐབ་དགོཔ་དེ་ཡང་ གལ་ཆེ་ཟེར་ ཞུ་ནི་ཨིན།

No comments:

Post a Comment