གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསུམ་ལས་ག་གདམ་ནི་ཨིན་ན་ ཐག་མ་བཏོག་པར་ཡོདཔ།

༡༠/༤/༢༠༡༣   འདེམས་ངོ་ཚུ་གིས་ རྫོང་ཁའི་ནང་ མདོར་བསྡུས་ཏེ་ ངོ་སྤྲོད་འབད་ཞིནམ་ལས་ ཤར་ཕྱོགས་པའི་ ཁ་སྐད་ནང་ བསྐུལ་བསྒྲགས་འབདཝ་ཨིན་པས།
༉ བསམ་གྲུབ་ལྗོངས་མཁར་གྱི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ སྤྱིར་བཏག་གྲོས་གནས་བསྐུལ་བསྒྲགས་ལས་རིམ་དེ་ སྤྱི་ཟླ་༤ པའི་ཚེས་༨ ལུ་ སྒོམ་དར་རྒེད་འོག་ལས་ འགོ་བཙུགས་པའི་སྐབས་ལུ་ འདེམས་ངོ་༣ གྱིས་ ངོ་སྤྲོད་ཚུ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་ནང་ མདོར་བསྡུས་ཏེ་ འབད་བའི་ཤུལ་ལུ་ ཤར་ཕྱོགས་པའི་ཁ་སྐད་ཐོག་ལུ་ གསལ་བཤད་འབད་ནུག།
སྤྱིར་བཏང་གྲོས་གནས་མཇུག་བསྡུ་བའི་ཤུལ་ལུ་ སྒོམ་དར་གྱི་ མི་ཚུ་གིས་ འདེམས་ངོ་གསུམ་གྱི་ ངོ་བྱང་ཚུ་ འདྲ་མི་འདྲ་བལྟ་བའི་བསྒང་།


དེ་ཡང་ དང་པ་ར་ དུས་ཡུན་སྐར་མ་༥ གི་རིང་ལུ་ ཤར་ལྷོ་ས་མཚམས་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ ལའུ་རི་རྒེད་འོག་ལས་ འཇིགས་མེད་དབང་ཕྱུག་དང་ ཨོ་རོང་ལས་ ཀུན་དགའ་རྡོ་རྗེ་ བདེ་བ་ཐང་ཁྲོམ་ལས་ སངས་རྒྱས་ལྷུན་གྲུབ་༣ གྱིས་ ཁོང་རའི་སྐོར་ རྫོང་ཁའི་ཐོག་ལུ་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
དེ་ལས་ འདེམས་ངོ་ཚུ་གིས་ སྐོར་རྒྱབ་སྦེ་ རང་སོའི་སྐོར་ ངོ་སྤྲོད་འབད་ནི་ འགོ་བཙུགསཔ་བཞིན་དུ་ གཞན་མི་དེ་གིས་ གསལ་བཤད་འབད་མི་དེ་ མི་གོ་ནི་གི་དོན་ལུ་ འདེམས་ངོ་གཞན་༢ ཐག་རིང་སར་ སྡོད་ཐོག་ལས་ རང་གི་སྐོར་རྒྱབ་ནང་ལྷོདཔ་ད་རྐྱངམ་གཅིག་ མི་མང་འཛོམས་སར་ ཐོན་ཡོདཔ་ཨིན་པས།
འདེམས་ངོ་ཚུ་གིས་ སྒོམ་དར་རྒེད་འོག་ལྟེ་བའི་ཕྱི་ཁར་ སྤུངས་འཛོམས་འབད་མི་ མི་སེར་༢༠༠ ལྷགཔ་ཅིག་ལུ་ རྫོང་ཁའི་ནང་ གསལ་བཤད་འབད་ནི་ འགོ་བཙུགསཔ་ད་ མི་ཚུ་གིས་ འདེམས་ངོ་ཚུ་གི་ གདོང་ལུ་ལྟ་སྦེ་ ཧམ་ཐལ་ཐལ་དང་ སྤྲོ་སྣང་མེདཔ་སྦེ་ སྡོདཔ་ཨིན་རུང་ ཁོང་གིས་ ཤར་ཕྱོགས་པའི་ ཁ་སྐད་ནང་ གསལ་བཤད་འབད་ནི་ འགོ་བཙུགས་པའི་བསྒང་ལས་ མི་སེར་ག་ར་ དྲན་ཤེས་བཏོན་ཏེ་ ཉན་ཡོདཔ་ཨིན་པས།
སྐྱེས་ལོ་༣༣ ལང་མི་ འཇིགས་མེད་དབང་ཕྱུག་གིས་ ཁོ་རའི་ ཁས་བླངས་གསལ་བསྒྲགས་སྐོར་ མི་སེར་ཚུ་ལུ་ གསལ་བཤད་འབདཝ་ད་ བར་ན་ལས་ དགོད་བྲ་སྒྱུར་མི་ལུ་བརྟེན་ སྤུངས་འཛོམས་འབད་མི་ཚུ་ དགོད་བྲ་སྟེ་ སྐད་ཤུགས་སྦེ་ར་ དགའ་ཡོདཔ་ཨིན་པས།
མི་སེར་ཚུ་ལུ་ དུས་ཡུན་ཆུ་ཚོད་ཕྱེད་དང་གཉིས་དེ་ཅིག་གི་རིང་ གསལ་བཤད་འབད་མི་ འཇིགས་མེད་དབང་ཕྱུག་གིས་ འབྲུག་ལུ་ ན་གཞོན་ལཱ་གཡོག་མེད་མི་དང་ ན་གཞོན་ཚུ་ སྨྱོ་རྫས་སྤྱོད་ནིའི་ནང་ ལང་ཤོར་ཐལ་མིའི་སྐོར་ ལོ་རྒྱུས་བཤད་པའི་ཁར་ ལཱ་གཡོག་མེད་པར་སྡོད་མི་ ན་གཞོན་མང་ཤོས་ར་ མཐའ་ཟུར་གྱི་ གྲོང་གཡུས་ཚུ་ལས་ཨིནམ་སྦེ་ བཤད་ཡོདཔ་ད་ ན་གཞོན་ཚུ་ གཡུས་ཚན་ནང་ ཕམ་ཚུ་ལུ་ ཆ་རོགས་འབད་བར་ མི་འོང་པས་ཟེར་ཨིན་པས།
སྐྱེས་ལོ་༣༡ ལང་མི་ ཀུན་དགའ་རྡོ་རྗེ་གིས་ དུས་ཡུན་སྐར་མ་༣༠ དེ་ཅིག་གི་ ནང་འཁོད་ལུ་ ཁོ་རའི་ ཁས་བླངས་གསལ་བསྒྲགས་ཚུ་ མདོར་བསྡུས་ཏེ་ གསལ་བཤད་འབད་བའི་ཁར་ གལ་སྲིད་ ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ ཁོ་གི་ ཁས་བླངས་ཚུ་ འགྲུབ་ཐབས་འབད་ནི་ལུ་ གཙོ་བོར་བཏོན་འོང་ཟེར་ཨིན་པས།
བདེ་བ་ཐང་ཁྲོམ་སྡེའི་འདེམས་ངོ་ སངས་རྒྱས་ལྷུན་གྲུབ་ཀྱིས་ གནམ་གཤིས་གནས་སྟངས་ དུམ་གྲ་ཅིག་ རློན་གཤེར་ཡོད་པའི་ རྩྭ་ཐང་གུ་སྡོད་དེ་ ཁོ་རའི་ཁས་བླངས་གསལ་བསྒྲགས་ཚུ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་རིང་ འབད་ཡོདཔ་ཨིན།
སྒོམ་དར་གྱི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སླབ་མིའི་ནང་ སྤྱིར་བཏང་གྲོས་གནས་བསྐུལ་བསྒྲགས་སྐབས་ ཁོང་གིས་ ལེགས་ཤོམ་སྦེ་ ཉན་ཡོད་རུང་ འདེམས་ངོ་༣ ལས་ ག་དྲག་ནི་ཨིན་ན་ གདམ་ཁ་རྐྱབ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༡ ལང་མི་ གྲོང་གསེབ་མི་སེར་ པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ འདེམས་ངོ་༣ ཆ་ར་ ལོ་ལྔ་གི་ཧེ་མར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་པའི་ནང་ དོ་འགྲན་འབད་མི་ཨིནམ་ལས་ ག་དྲག་ནི་ཨིན་ན་ མགུ་འཐོམ་སྟེ་ཡོད་ཟེར་ཨིན་པས།
མ་གཞི་ ཚོགས་སྡེའི་འཐུས་མི་བགྲེསཔ་ལུ་ ལོ་ངོ་༥ གི་ཉམས་མྱོང་ཡོདཔ་ལས་ གཞན་དང་ཕྱདཔ་ད་ ཁོ་ལུ་ ལྷན་ཐབས་ཅིག་ཡོད་རུང་ ང་བཅས་ཀྱིས་ གསརཔ་ཚུ་ལུ་ གོ་སྐབས་བྱིན་པ་ཅིན་ ག་དེ་སྦེ་ འོང་ག་ཟེར་བའི་ཚོར་སྣང་ཅིག་ བྱུངམ་མས་ཟེར་ པདྨ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ བཙག་འཐུ་འབད་བ་ཅིན་ ག་དྲག་ནི་ཨིན་ན་ ད་ལྟོ་ ཐག་བཏོག་མ་ཚུགས་པར་ མགུ་འཐོམ་སྡོད་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
གྲོང་གཡུས་མི་སེར་གཞན་ཅིག་གིས་ སླབ་མིའི་ནང་ ཁོ་ཡང་ སྤྱིར་བཏང་གྲོས་གནས་ཀྱི་ འཛོམས་འདུ་ནང་ འོང་མི་དེ་ཡང་ སྤྱི་ཚོགས་ནང་ ཁོང་གི་ ཁ་ཐུག་ལས་ འབྲེལ་གཏོགས་འབད་མི་ མི་སེར་སྐུ་ཚབ་ལྕོགས་གྲུབ་ཅན་ཅིག་ གདམ་ཁ་རྐྱབ་ཚུགས་ནི་མས་མནོ་སྟེ་ཨིན་རུང་ འདེམས་ངོ་༣ ལས་ ག་དྲག་ནི་ཨིན་ན་ ཐག་བཏོག་མ་ཚུགས་པར་ མགུ་འཐོམ་སོཔ་ལས་ དེ་གི་སྐོར་ ཁྱིམ་ཚང་དང་ ཆ་རོགས་ཚུ་དང་ གྲོས་བསྟུན་འབད་ཞིནམ་ལས་རྐྱངམ་གཅིག་ ཁོ་གིས་ ཐག་བཅད་ཚུགས་ནི་མས་ཟེར་ཨིན་པས།
དེ་ལས་ སྤྱིར་བཏང་གྲོས་གནས་ནང་ བཅའ་མར་གཏོགས་མི་ གྲོང་མི་དག་པ་ཅིག་གིས་ ཁོང་གི་ཁ་ཐུག་ལས་ འཐུས་མི་སྦེ་ ག་གདམ་དོ་ཡོདཔ་ཨིན་ན་ སླབ་ནི་ལུ་ ཐེ་ཚོམ་བསྐྱེདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment